རྒྱ་ནག་གཞུང་གིས་བྲག་འགོ་རྫོང་དུ་ཡོད་པའི་སྟོན་པའི་སྐུ་བརྙན་ཆེ་ཤོས་ཤིག་དང་མ་ཎྀ་དུང་འཁོར་༤༥ཙམ་གཏོར་བཤིག་བཏང་ཡོད་པ།

2021.12.27
རྒྱ་ནག་གཞུང་གིས་བྲག་འགོ་རྫོང་དུ་ཡོད་པའི་སྟོན་པའི་སྐུ་བརྙན་ཆེ་ཤོས་ཤིག་དང་མ་ཎྀ་དུང་འཁོར་༤༥ཙམ་གཏོར་བཤིག་བཏང་ཡོད་པ། རྒྱ་ནག་དབུས་གཞུང་གིས་བཙན་བཀའ་བཏང་སྟེ་བྲག་འགོ་རྫོང་དཔོན་(Wang Dong sheng)ཟེར་བའི་སྣེ་ཁྲིད་འོག། རྫོང་དེའི་ནང་ཆགས་པའི་རིང་ཚད་ཧྥི་ཁྲི་(Foot)༩༩ཡོད་པའི་སྟོན་པའི་སྐུ་བརྙན་ཞིག་གཏོར་བཤིག་བཏང་ཡོད་པ།
བོད་འབྱོར།

ཉེ་ལམ་སྤྱི་ཟླ་༡༢ཚེས་༡༢ཉིན་རྒྱ་ནག་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་དུ། རྒྱ་ནག་དབུས་གཞུང་གིས་བཙན་བཀའ་བཏང་སྟེ་བྲག་འགོ་རྫོང་དཔོན་(Wang Dong sheng)ཟེར་བའི་སྣེ་ཁྲིད་འོག། རྫོང་དེའི་ནང་ཆགས་པའི་རིང་ཚད་ཧྥི་ཁྲི་(Foot)༩༩ཡོད་པའི་སྟོན་པའི་སྐུ་བརྙན་ཞིག་དང་། མ་ཎི་དུང་འཁོར་༤༥ཙམ་གཏོར་བཤིག་བཏང་ཡོད་པ། རྒྱ་གར་དུ་གནས་བཞུགས་བྲག་འགོ་རྫོང་ནས་ཡིན་པའི་གནས་ཚུལ་མཁོ་སྤྲོད་པ་དཔལ་ལྡན་ལགས་ནས། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བྲག་འགོ་རྫོང་དཔོན་རྒྱ་རིགས་(Wang Dong sheng)ཟེར་བ་དེ་ནི་དེ་སྔོན་གསེར་རྟ་བླ་རུང་སྒར་གཏོར་གཤིབ་གཏོང་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གཏེར་དཔོན་གྲས་ཤིག་ཡིན་ཞིང་། ཁོང་གིས་ད་སྐབས་བྲག་འགོ་རྫོང་ཁུལ་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་སྤྱོད་བཞིན་བོད་མི་ཚོའི་ཆོས་དད་རང་དབང་ཐད་དྲག་གནོན་བྱེད་མུས་ཡིན་འདུག

བྲག་འགོ་རྫོང་ནི་ས་ཡོམ་གྱི་གོས་ཆག་བྱུང་སའི་ལྟེ་བ་ཞིག་ཡིན་པར་རྟེན། ས་ཡོམ་གྱི་གོད་ཆག་སོགས་མི་ཡོང་ཆེད་ས་གཞི་ཞི་གནས་ཐུབ་ཐབས་སོགས་ཀྱི་ཆེད་དུ་ས་གནས་ཞིང་འབྲོག་མི་མང་ཐུན་མོང་ནས་རྒྱ་སྒོར་ཁྲི་བཞི་སྟོང་ནས་ལྔ་སྟོང་ཡས་མས་ཤིག་གི་འགྲོ་གྲོན་བཏང་སྟེ་ས་གནས་སྲིད་གཞུང་གི་ཆོག་མཆན་ཡོད་པའི་སྒོ་ནས་སྟོན་པའི་སྐུ་བརྙན་དེ་བཞེངས་ཡོད་ན་ཡང་། ཐེངས་འདིར་རྒྱ་ནག་དབུས་གཞུང་གིས་སྟོན་པའི་སྐུ་བརྙན་དེའི་མཐོ་ཚད་རིང་དྲགས་པའི་རྒྱུ་མཚན་ལ་ཁ་གཡར་ཏེ་གཏོར་བཤིག་བཏང་ཡོད་ཀྱང་། དོན་དངོས་ཐོག་དེའི་རྒྱབ་ལྗོངས་ལ་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་བཅས་པར་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ཡོད་པ་དཔལ་ལྡན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

བྲག་འགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་ནི་སྤྱི་ལོ་༢༠༡༥ལོའི་སྤྱི་ཟླ་༡༠ཚེས་༥ཉིན་དངོས་སུ་འཛུགས་སྐྲུན་ལེགས་གྲུབ་བྱུང་འདུག་ཅིང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་རྒྱ་ནག་གཞུང་གིས་བྲག་འགོ་རྫོང་གི་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་བའི་བརྙན་པར་རག་ཐབས་བྱས་ཀྱང་། རྫོང་དེའི་ཁུལ་དུ་དམ་དྲག་ཤུགས་ཆེར་བྱས་དང་བྱེད་མུས་ཡིན་པའི་རྐྱེན་གྱིས་ལག་སོན་བྱུང་མ་སོང་ལ། བྲག་འགོ་རྫོང་དང་འབྲེེལ་བའི་གནས་ཚུལ་མཁོ་སྒྲུབ་པ་དཔལ་ལྡན་ལགས་ནས་ཀྱང་། ད་ལྟའི་ཆར་བྲག་འགོ་རྫོང་ཁུལ་དུ་སྤྱི་ཚོགས་དྲ་ལམ་ཁག་ལ་དམ་དྲག་ཚོད་འཛིན་བྱེད་མུས་ཡིན་པ་མ་ཟད། ཕྱི་སྡོད་བོད་མི་ཚོར་འབྲེལ་བ་བྱས་ཚེ། ཉེས་ཆད་གཏང་རྒྱུ་ཡིན་པ་སོགས་ཀྱི་བཙན་བཀའ་བཏང་ཡོད་པ་གསུང་གི་འདུག

ཡང་འདི་ལོའི་སྤྱི་ཟླ་༡༠པའི་ཟླ་མཇུག་ཏུ་རྒྱ་ནག་གཞུང་གིས་སློབ་ཕྲུག་༡༠༠ལྷག་ཡོད་པའི་བྲག་འགོ་རྫོང་དགའ་ལྡན་རྣམ་རྒྱལ་གླིང་གི་ནང་བསྟན་སློབ་གྲྭར་འཛུགས་བསྐྲུན་གྱི་ཡིག་ཆ་ཚད་ལྡན་མེད་སྐོར་བརྗོད་དེ་སློབ་ཕྲུག་རྣམ་ཕྱིར་ཕུད་བཏང་ཡོད་པ་མ་ཟད། སློབ་གྲྭ་དེ་བཞིན་རྩ་གཏོར་བཏང་དགོས་བྱུང་ཤིང་། སྤྱིར་སློབ་གྲྭ་དེའི་ནང་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་སློབ་གཉེར་བྱེད་སའི་ཁོར་ཡུག་བསྐྲུན་འདུག་ཀྱང་། རྒྱ་ནག་གཞུང་གི་བཙན་བཀའ་དེའི་རྐྱེན་གྱིས་སློབ་གྲྭ་དེ་བཞིན་ལོ་གསུམ་ལས་འཛིན་སྐྱོང་གནང་ཐུབ་མེད་པ་རེད།

གཞན་ཡང་ད་ལྟའི་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་ཞི་ཅིན་ཕིན་གྱི་ཆོས་ལུགས་དགོངས་དོན་ཟེར་བའི་དྲིལ་བསྒྲགས་ཤིག་བོད་ཀྱི་རྒྱལ་ས་ལྷ་སར་སྤེལ་མུས་ཡིན་པའི་ཁར། ཆོས་ལུགས་སྒྲོག་སྤེལ་ཐད་སྒྲིག་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་ཕྱིར་བསྒྲགས་བྱས་ཤིང་། རྒྱ་ནག་ནང་དུ་དྲྭ་ལམ་གྱི་ཆོས་ལུགས་ཁྱབ་སྤེལ་ཁག་ལ་ཞིབ་བཤེར་དང་། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་ནས་རྒྱ་ནག་གི་ཆོས་ལུགས་ཁྱབ་སྤེལ་ཐད་སྔར་ལས་དོ་དམ་ཤུགས་ཆེ་རུ་གཏོང་དགོས་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།

དྲ་ཐོག་རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།

དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎