བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ལ་ཕྱིའི་སྲིད་དོན་པ་ཁག་ཅིག་གིས་རྒྱབ་སྐྱོར།

2022.08.24
བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ལ་ཕྱིའི་སྲིད་དོན་པ་ཁག་ཅིག་གིས་རྒྱབ་སྐྱོར། དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Navendu Mishra)་ལགས་དང་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་(Janet Rice)་ལགས།
ICT

ཟླ་སྔོན་མར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་(Resolve Tibet Act)་བཏོན་ཡོད་པ་དང་། ད་སྐབས་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་ཁྲོད་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱབ་སྐྱོར་ཞུ་མཁན་མང་པོ་བྱུང་བཞིན་ཡོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། དེ་ནི་ཉེ་ལམ་སྤྱི་ཟླ་དྲུག་པའི་ནང་ཨ་རིའི་རྒྱལ་སར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་སྐབས་རྒྱལ་ཁབ་འདྲ་མིན་༢༠ལྷག་གི་གྲོས་ཚོགས་འཐུས་མི་མཉམ་ཞུགས་གནང་བ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་གནང་བ་བཅས་ལ་བརྟེན་ད་ཆ་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་བཞིན་པ་གསུངས་བྱུང་། དེ་ནི་དཔེར་ན། དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Navendu Mishra)་ལགས་ཀྱིས། ཁོང་གི་དྲ་རྒྱའི་ཐོག་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད། ཨ་རིའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་རྒྱབ་སྐྱོར་འོག་བཞག་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་དེས། བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་པ་དེ་གཞུང་འབྲེལ་གྱི་སྲིད་ཇུས་སུ་གཏན་འབེབས་འབྱུང་ངེས་དང་། ལྷག་པར་དུ་ཁྲིམས་འཆར་དེས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་དོན་དཀའ་རྙོག་སེལ་བའི་དགོངས་གཞི་འགྲུབ་རྒྱུར་གཞོགས་འདེགས་དང་། དེ་བཞིན་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དོ་སྣང་མུ་མཐུད་དུ་གནས་རྒྱུར་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་བསྔགས་བརྗོད་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་། ཆོས་དད་རང་དབང་ལ་རྡོལ་རོལ། བོད་ཀྱི་རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་ལ་སྐྱོན་བརྗོད་གནང་ཡོད་པ་རེད།
གཞན་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་(Janet Rice)་ལགས་ཀྱིས། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་ཚང་འཛོམས་སྟེང་བོད་དོན་སྐོར་གཏམ་བཤད་གནང་པའི་ནང་། ཁོང་ཉེ་སྔོན་ཨ་རིར་འཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་༨པའི་ནང་མཉམ་ཞུགས་གནང་སྐབས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་(Jim MaGovern)་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་རྣམ་གཉིས་ཀྱིས་བོད་དོན་དཀའ་རྙོག་སེལ་བའི་ཁྲིམས་འཆར་གྱི་ནང་དོན་ངོ་སྤྲོད་གནང་པའི་གནས་ལུགས་དང་། དེ་བཞིན་ཚོགས་ཆེན་ཐོག་གཏན་འབེབས་བྱུང་པའི་གྲོས་ཆོད་ཀྱི་ནང་དོན་ཁག་ངོ་སྤྲོད་གནང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་གལ་ཆེ་བ་མ་ཟད། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་རིང་མིན་ཕྱི་ཟླ་༩པའི་ནང་། བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་དགོས་པ་ཞུ་སྐུལ་གནང་འདུག
ཉེ་ལམ་ཟླ་༧པའི་ཚེས་༡༣ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་ཡོད་པ་དང་། དེ་ནི་རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་ལགས་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་གྲོས་ཚོགས་འཐུས་མི་(Michael McCaul)་ལགས་གཉིས་ཀྱིས་གྲོས་ཚོགས་ནང་། བོད་རྒྱའི་དཀའ་རྙོག་ད་དུང་ཡང་སེལ་མེད་པ་དང་། རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་ཀྱང་བོད་ཀྱི་ཁྲིམས་མཐུན་གྱི་གནས་བབ་ད་དུང་ཐག་གཅོད་གནང་མེད་པར་ངོས་འཛིན་གྱི་ཐོག་ནས། བོད་ཀྱི་བདག་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་འོག་བོད་མི་རང་ལ་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་ཐོབ་ཐང་འཕྲོག་བཞིན་པ་གསལ་བོར་བསྟན་ནས། བོད་རྒྱའི་དཀའ་རྙོག་སེལ་བར་བོད་མི་མང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པས་ཞི་བའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཨ་མི་རི་ཀས་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་བཅས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་ཡོད་པ་རེད།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎