ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་པེ་ཅིང་ནས་བོད་ཀྱི་གནད་དོན་གླེང་སློང་དགོས་བ་ཚོགས་སྡེ་ཁག་གིས་འབོད་སྐུལ་ཞུས་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་(Anthony Blinken)་དང་། ནོར་སྲིད་དྲུང་ཆེ་(Janet Yellen)་རྣམ་གཉིས ཟླ་འདིའི་ཚེས་༥དང་༦ཉིན་གཉིས་རིང་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུའི་སྟ་གོན་བྱེད་བཞིན་ཡོད་པར་སོང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཚེས་༢ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་ཏུ་འཚམས་གཟིགས་ཀྱི་སྟ་གོན་གནང་བཞིན་པའི་སྐབས་འདིར། ཁོང་གི་ངོས་ནས་རྒྱ་ནག་གི་དཔོན་རིགས་དང་ལྷན་དུ་དོན་དང་ལྡན་པའི་སྒོ་ནས་བོད་ཀྱི་གནད་དོན་གླེང་སློང་གནང་རྒྱུར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རེ་བསྐུལ་ཞུ་བཞིན་ཡོད། ཕྱི་སྲིད་དྲུང་ཆེ་མཆོག་ལ་སྲིད་འཛིན་དང་གྲོས་ཚོགས། ཨ་རིའི་མི་མང་བཅས་ཀྱིས་དབང་ཚད་གནང་ཡོད་དུས། པེ་ཅིན་དུ་རྒྱ་ནག་གི་དཔོན་རིགས་ཚོ་དང་མཉམ་ཐད་ཀར་ཁ་ཐུག་གྲོས་མོལ་གནང་དགོས་པའི་ཁར། ངེས་པར་དུ་ལོ་མང་རིང་མ་སེལ་བར་ལྷག་ནས་ཡོད་པའི་བོད་རྒྱའི་དཀལ་རྙོག་སེལ་ཐབས་སུ་དོན་ཕན་ལྡན་པའི་གླེང་སློང་གནང་དགོས་པའི་སྐུལ་མ་གནང་འདུག་ལ། གཅིག་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་དེ་འབྲེལ་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཡིག་ཐོག་གི་བཀའ་འདྲི་ཞུས་ཀྱང་ད་བར་བཀའ་ལན་གང་ཡང་འབྱོར་མ་བྱུང་།
ཡང་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་ཅིག་གིས་ཞུ་སྙན་ཞིག་ཕྱི་སྲིད་དྲུང་ཆེ་མཆོག་ལ་ཕུལ་ཡོད་པ་དེའི་ནང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དང་། དྲང་བདེན་མིན་པའི་ཚོང་འབྲེལ་གྱི་ལམ་ལུགས། དེ་བཞིན་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་དྲག་གནོན་གྱི་བྱ་སྤྱོད་སྤེལ་སྟངས་བཅས་ཀྱི་ཐད་ད་ཐེངས་པར་ཅིང་ནས་ལེ་ཁག་འཁྱེར་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད་འདུག
གཞན་ཡང་བོད་རང་དབང་སློབ་ཕྲུག་ཚོགས་པ་གཙོས་ཨ་རིའི་མངའ་སྡེ་ཕལ་ཆེ་བའི་ནང་ཡོད་པའི་རྒྱ་ནག་དང་ཧོང་ཀོང་། ཡུ་གུར་བ་བཅས་ཀྱི་ཚོགས་པ་ཁག་ཐུན་མོང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་འཚམས་གཟིགས་སྐབས། འགྲོ་བ་མིའི་ཐོབ་ཐང་གླེང་སློང་གནང་དགོས་པ་དང་། ལྷག་པར་དུ་ཆབ་སྲིད་བཙོན་པ་ཚོའི་གནད་དོན་སྐོར་གླེང་སློང་གནང་དགོས་ལུགས་ཞུས་པའི་ནང་། བོད་ནང་འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གི་སྲིད་བྱུས་དང་ལྡན་པའི་ཐོག་ནས་བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་ལེན་བྱེད་བཞིན་པ་དང་། དེ་བཞིན་ཕྲུ་གུ་ཁྲི་ཕྲག་མང་པོ་རྒྱ་ནག་གི་གཏན་འཇགས་སློབ་གྲྭ་ཁག་ནང་མི་འདོད་བཞིན་དུ་བཅུག་ནས་མི་རིགས་ཀྱི་ངོ་བོ་བསྒྱུར་ཐབས་བྱེད་བཞིན་པ། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། ཨ་ཉག་སེང་གྲགས་ལགས་གཙོས་བཙོན་པ་རྣམས་ལ་དྲང་བདེན་མེད་པའི་ཁྲིམས་བཤེར་གྱིས་ཉེས་ཆད་བཅད་ནས་བཙོན་བཅུག་བྱས་པ་སོགས་ཀྱི་གནད་དོན་རྣམས་ཐེར་འདོན་དང་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག
གསར་འགོད་པ། བོད་རྒྱལ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།