རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་བོད་ནང་ཕེབས་དགོས་བའི་འབོད་སྐུལ།

2022.04.29
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་བོད་ནང་ཕེབས་དགོས་བའི་འབོད་སྐུལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་(Michelle Bachelet)་ལགས།
UN

དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༤༩པའི་ཐོག་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ལྟར། མི་རིང་བའི་སྤྱི་ཟླ་༥བའི་ནང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་(Michelle Bachelet)་ལགས་རྒྱ་ནག་ནང་དང་ཤར་ཏུར་ཀིསུ་ཐན་ནང་གཟིགས་སྐོར་ལ་ཕེབས་འཆར་ཡོད་པ་ལྟར། བོད་མིའི་སྒྲིགས་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོ་འཛིན་མཆོག་ཤར་ཏུར་ཀིསུ་ཐན་ནང་གཟིགས་སྐོར་ལ་ཕེབས་འཆར་ཡོད་པ་དེ་ཡིས་ས་གནས་དེའི་མི་མང་གི་དཀའ་སྡུག་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སེལ་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་དང་། དུས་མཚུངས་གཟིགས་སྐོར་དེའི་སྐབས་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ལ་བརྟེན་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པ་ཁག་ཟུར་དུ་འཇོག་རྒྱུ་མེད་པ་དང་། རྒྱ་ནག་གིས་བོད་ནང་དྲག་པོའི་བཙན་འཛུལ་གྱིས་བཙན་དབང་བྱེད་འགོ་བཙུགས་པ་ནས་བཟུང་། གདུག་རྩུབ་དྲག་གནོན་ཆེ་བའི་སྲིད་ཇུས་ལག་བསྟར་བྱས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་གདལ་གཤིག་གཏོང་བཞིན་པ་མ་ཟད། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྲུང་ནན་པོ་བྱེད་མུས་སོགས་ལ་བརྟེན་ནས་ད་བར་བོད་ནང་གི་བོད་མི་༡༥༨ལྷག་གིས་རང་ལུས་མེར་བསྲེགས་གནང་སྟེ་བོད་ལ་རང་དབང་ཆེ་ཙམ་དགོས་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་སྐོར་བཀོད་གནང་འདུག་ལ། ད་དུང་ད་བར་རྒྱ་གཞུང་གིས་དབུལ་ཕོངས་ངལ་སེལ་དང་ཡར་རྒྱས་ཀྱི་མིང་ཐོག་ནས་བོད་ཀྱི་འབྲོག་པ་ས་ཡ་གཉིས་ལྷག་ཕ་མེས་དུས་ཀྱི་འབྲོག་ས་ཁག་ནས་བཙན་གྱིས་གནས་སྤོ་བྱེད་དུ་བཅུག་པ། བོད་ཀྱི་སྐད་ཡིག་ཐོག་སློབ་གྲྭའི་ནང་སློབ་ཚན་ཁྲིད་བཞིན་པ་ཁག་འཆར་གཞི་ལྡན་པའི་སྒོ་ནས་རྒྱའི་སྐད་ཡིག་ཐོག་སློབ་ཚན་ཁྲིད་ཀྱི་ཡོད་པ། བོད་པའི་སློབ་གྲྭ་ཁག་བཙན་གྱིས་སྒོ་རྒྱབ་བཅུག་པ། བཙན་ཁྲིད་བྱས་བའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐོག་བོད་མི་ཙམ་མ་ཟད། འཛམ་གླིང་གི་ནང་པ་ཡོངས་ལ་ཐུགས་འཚབ་ཡོད་པ། རྒྱ་གཞུང་གིས་ཉེ་དུས་བོད་ཀྱི་རྩོམ་པ་པོ་མི་ཉུང་བ་འཛིན་བཟུང་བཙོན་འཇུག་དང་གར་སོང་ཆ་མེད་བཏང་བ། དེ་དག་གིས་བོད་མི་རྣམས་ཀྱིས་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་སྲུང་སྐྱོབ་ཞུ་ཐབས་གནང་བ་ཙམ་གྱིས་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད་པ་སོགས་གསལ་བཏོན་དང་ཐེར་བཏོན་གནང་བ་དང་མཉམ། ཕྱི་འབྲེལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་མཆོག་རྒྱ་ནག་ནང་གཟིགས་སྐོར་ཕེབས་སྐབས་བོད་ཀྱི་གནད་དོན་སྐོར་གྲོས་གཞིའི་ནང་འཇོག་དགོས་པ་དང་བོད་ནང་ལ་ཡང་ཕེབས་དགོས་པའི་འབོད་སྐུལ་ནན་པོ་གནང་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎