སུད་སི་དོན་གཅོད་དང་ཐེ་ཝན་གྱི་དཔལ་འབྱོར་རིག་གཞུང་ཁང་གི་སྤྱི་ཁྱབ་གཉིས་མཇལ་མོལ།

དེ་ཡང་སུད་སིར་ཡོད་པའི་ཐེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་གི་སྤྱི་ཁྱབ་འགན་འཛིན་ལྕམ་(Nicole Su)་དང་། དྲུང་ཆེ་དང་པོ་(Shih-yi Huang)་རྣམ་གཉིས་དང་། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ཞུ་འབོད་གནང་མཁན་སྐལ་ལྡན་མཚོ་མོ་ལགས་བཅས་ཕྱི་ཟླ་བརྒྱད་པའི་ཚེས་༢༥ཉིན་མཇལ་འཕྲད་གནང་སྟེ། སྐུ་ཚབ་ཕན་ཚུན་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་སྔར་བས་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་ཤུགས་ཆེ་རུ་བཏང་བའི་གནས་སྟངས། རྒྱལ་སྤྱིའི་ཚོགས་པ་ཁག་གི་ཐོག་ལ་རྒྱ་ནག་ཤུགས་རྐྱེན་ཇེ་ཆེར་གཏོང་བཞིན་པའི་སྐོར། གཞན་ཡང་ཉེ་ཆར་ཕྱི་ཟླ་བརྒྱད་པའི་འགོ་སྟོད་དུ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་མཆོག་ཐེ་ཝན་དུ་འཚམས་འདྲིར་ཕེབས་པ་གཙོས་པའི་ཐེ་ཝན་ནང་གི་ཉེ་དུས་ཀྱི་འགྱུར་ལྡོག་དང་འཕེལ་རིམ་སོགས་གནད་དོན་རིམ་པའི་ཐོག་ལ་བཀའ་མོལ་གནང་ཡོད་པ་དང་། དེ་བཞིན་རང་དབང་དང་དམངས་གཙོ་གོང་འཕེལ་དང་སྲུང་སྐྱོབ་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་སྐོར་ལ་བཀའ་མོལ་གནང་བའི་ཁར་། བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ངོ་སྤྲོད་གནང་བ་དང་སྦྲགས་བཙན་བྱོལ་ནང་དམངས་གཙོའི་བྱུང་རིམ་དང་ཇི་ལྟར་རྒྱུན་འཛིན་དང་གོང་འཕེལ་གཏོང་བཞིན་པའི་སྐོར་ངོ་སྤྲོད་གནང་ཡོད་འདུག
ཐེ་ཝན་གྱི་སྐུ་ཚབ་ཀྱི་ངོས་ནས་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱིས་དམངས་གཙོའི་རྩ་དོན་ལག་བསྟར་གནང་བཞིན་པ་རྣམས་ལམ་ལྷོང་ལྡན་པ་དང་། བོད་མི་རིགས་ཀྱི་རིག་གཞུང་དང་ཐོུང་མ་ཡིན་པའི་སྲོལ་རྒྱུན་རྣམས་མི་ཉམས་རྒྱུན་འཛིན་གནང་བཞིན་པར་བསྔགས་བརྗོད་གནང་ཡོད་པ་བཅས་སུད་སི་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་སྤེལ་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།