མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་ཚོས་བོད་དོན་ཞུ་འབོད་དང་སྐད་འབོད་ལས་འགུལ་སྤེལ་འདུག

དེ་ཡང་སུད་སི་གྲོང་ཁྱེར་ཇི་ནི་ཝའི་(Geneva)་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༣པ་ཚོགས་པ་དང་བསྟུན། སུད་སི་དང་ལེག་ཏེན་སི་ཊན་བོད་རིགས་སྤྱི་མཐུན་ཚོགས་པའི་(Tibetan community in Switzerland and Liechtenstein)་གོ་སྒྲིག་འོག་འདི་ཚེས་༡༩ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་འཛོམས་ནས་ད་ལྟའི་བོད་ནང་གི་གནས་སྟངས་དང་། ལྷག་དོན་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པའི་ཞུ་སྦྱོར་སྐད་འབོད་གནང་ཡོད་པ་རེད།
སུད་སི་དང་ལེག་ཊེན་སི་ཊན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་ཀ་དེ་འགྲོ་བ་ཡོངས་ལ་ཉེ་རིང་མེད་པར་གཟིགས་སྐྱོང་གནང་རྒྱུ་དེ་ནི་གཡོལ་ཐབས་མེད་པ་ཞིག་ལ་ངོས་འཛིན་བྱས་ནས། ང་ཚོའི་ཕ་ཡུལ་བོད་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པས་སྡིག་པ་མི་བཙུམ་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། བྱིས་པ་ཆུང་ངུའི་དུས་ནས་ཕ་མ་དང་ཁ་བྲལ་ནས་གཏན་འཇགས་སློབ་གྲྭ་བཅུགས་པ་དང་། རྒྱ་སྐད་རྒྱ་ཡིག་བསླབ་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་བཟོ་ཐབས་བྱེད་བཞིན་པ་དེ་དྲག་ཤུགས་ལས་ཀྱང་སྡུག་པས། བྱ་སྤྱོད་དེ་རིགས་མཚམས་འཇོག་ཡོང་ཐབས་སུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ངོས་ནས་བདག་སྤྲོད་བྱས་ནས་བོད་ནང་བརྟག་ཞིབ་སྐུ་ཚབ་མངགས་རྒྱུའི་མཚོན་བོད་ལ་སྔར་ལས་ལྷག་པའི་གཟིགས་སྐྱོང་གནང་རོགས་འབོད་སྐུལ་ཆེད་ཞུ་སྦྱོར་སྐད་འབོད་བྱེད་བཞིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་བཞིན་སྤྱི་ནོར༧གོང་ས་མཆོག་ནི་འཛམ་གླིང་འདིའི་སྒང་མི་རྣམས་ལ་བྱམས་བརྩེའི་སློབ་གསོ་གནང་མཁན་འགྲན་ཟླ་བྲལ་བ་ཞིག་ཡིན་པ་མ་ཟད། གཞིས་བྱེད་བོད་མི་ཡོངས་ཀྱི་མགྲིན་ཚབ་པ་དེའང་ཡིན་ན་མཉམ་འབྲེལ་རྒྱལ་ཚོགས་སུ་གསུང་བཤད་གནང་ཆེད་གདན་འདྲེན་ཞུ་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད་འདུག
སྐབས་དེར་བོད་དོན་རྒྱབ་སྐྱོར་བ་སུད་སི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་ཟུར་པ་རྗོ་ནི་ལོན་ཞི་ཡིས་བོད་དོན་གཏམ་བཤད་གནང་སྐབས། རྒྱ་ནག་དམར་ཤོག་ཚོགས་པས་བོད་དབང་བསྒྱུར་བྱས་བ་ནས་བཟུང་། བོད་ནང་སྲིད་ཇུས་ནོར་འཁྲུལ་ཅན་རྐྱང་རྐྱང་ལག་བསྟར་བྱས་ཡོད་པ་དང་། དཔེར་ན། དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེ་ཆེན་མོ། ཀུན་སྤྱོད་དག་ཐེར། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ། ད་དུང་དུས་རབས་ཉེར་གཅིག་པའི་ནང་བྱིས་པ་ཆུང་ངུ་དུས་ནས་ཕ་མ་ཁ་བྲལ་ནས་གཏན་འཇགས་སློབ་གྲྭ་རུ་གཙོ་བོ་རྒྱ་ཡིག་རྒྱ་སྐད་བསླབ་པ་སོགས་ཚང་མ་བོད་མི་རིགས་རྩ་མེད་དུ་བཟོ་འདོད་པའི་དམིགས་ཡུལ་ཡིན་པ་གསལ་བོ་རེད། དེ་བས་དེ་དག་མཚམས་འཇོག་ཡོང་ཐབས་སུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་སུད་སི་གཞུང་གིས་ཕྱི་འབྲེལ་བརྒྱུད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་ཞེས་འབོད་སྐུལ་གནང་འདུག
གསར་འགོད་པ། རབ་སྒང་ཚེ་ཕུན། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།