བོད་དོན་གོམ་བགྲོད་པ་གཉིས་རྡོ་རྗེ་གདན་དུ་འབྱོར་ཡོད་པ།

༄༅།།༢༠༢༠ལོའི་ཟླ་བ་༡༡པའི་ནང་ཐོག་མར་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་བཙུགས་ཏེ་མཐར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་འཕགས་བོད་ས་མཚམས་རྣ་ཐོད་ལའི་བར་བོད་དོན་ཞི་བའི་གོམ་བགྲོད་གནང་མཁན་བསྟན་འཛིན་དོན་གྲུབ་ལགས་དང་བསྟན་འཛིན་ཉི་མ་ལགས་གཉིས་ནས་འདས་པའི་ཟླ་བ་གཉིས་ལྷག་ཙམ་རིང་རྒྱ་གར་གྱི་མངའ་སྡེ་འགའ་ཤས་བརྒྱུད་ནས་གོམ་བགྲོད་གནང་བ་དང་༢༠༢༡ ལོའི་ཟླ་༡ཚེས་༦ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་འབྱོར་བྱུང་བའི་སྐབས་རྣམ་རྒྱལ་གྲྭ་ཚང་དང་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པ་། དེ་བཞིན་རྡོར་གདན་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས།རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་སོགས་ས་གནས་ཀྱི་ཚོགས་པ་ཁག་ནས་སྣེ་ལེན་ཞུས་ཡོད་འདུག
ཕྱི་ཚེས་༧ཉིན་ས་གནས་ཚོགས་པ་ཁག་གི་མཐུན་འགྱུར་འོག་གསར་འགོད་ལྷན་ཚོགས་ཞིག་ཀྱང་བསྐོངས་ཚོགས་གནང་འདུག་པ་དེའི་སྐབས་ཁོང་རྣམ་གཉིས་ཀྱིས་བོད་དོན་ཆེད་གོམ་བགྲོད་གནང་དགོས་དོན་དོན་ཚན་གསུམ་ཡོད་པ་ནི།
༡༽ བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ལ་ངོས་འཛིན་དང་།
༢༽ བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་རྒྱུ།
༣༽ དེ་ནས་གསུམ་པ་རྒྱ་ནག་གིས་འཕགས་བོད་ས་མཚམས་སུ་དོན་མེད་རྙོག་གྲ་བཟོས་ཡོད་སྟབས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་བྱེད་རྒྱུ་མཚམས་འཇོག་དགོས་པ་བཅས་ཡིན་ལུགས་གསུངས་འདུག
གོང་ཞུས་གསར་བགོད་ལྷན་ཚོགས་ཐོག་བྷི་ཧར་དང་། ཇར་ཁན་ཌི། ཆ་ཏི་སི་གར་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Sudesh Kumar Chandravanshi ལགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Ajit Kumar Nehria ལགས་སོགས་མཉམ་ཞུགས་གནང་ཡོད་འདུག
གོམ་བགྲོད་པ་གཉིས་སང་ཉིན་གཟའ་ཉི་མའི་ཉིན་གནས་མཆོག་རྡོ་རྗེ་གདན་ནས་ཐོན་ཏེ་སི་ལི་གྷུ་རི་བརྒྱུད་འབྲས་ལྗོངས་སུ་འབྱོར་རྒྱུར་སླར་ཡང་ཟླ་བ་གཅིག་ཙམ་འགོར་སྲིད་པའི་ཚོད་དཔག་གནང་གི་འདུག།