པེ་ཅིང་དུ་ཚོགས་བཞིན་པའི་བོད་རིག་པ་ཟེར་བ་དེ་དོན་ལ་མི་གནས་པའི་ཚིག་སྐམ་གྱི་རྣམ་འགྱུར་བསྟན་པ་ཙམ་རེད་ཟེར།

2023.08.15
པེ་ཅིང་དུ་ཚོགས་བཞིན་པའི་བོད་རིག་པ་ཟེར་བ་དེ་དོན་ལ་མི་གནས་པའི་ཚིག་སྐམ་གྱི་རྣམ་འགྱུར་བསྟན་པ་ཙམ་རེད་ཟེར། པེ་ཅིང་དུ་བོད་རིག་པའི་དཔྱད་གླེང་ཚོགས་འདུའི་སྐབས། ༠༨།༡༤།༢༠༢༣
Chinese State Media

རྒྱ་ནག་གཞུང་གིས་པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བདུན་པ་ཟེར་བ་དེ། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྤྱི་ཟླ་༨པའི་ཚེས་༡༤ནས་ཉི་མ་གསུམ་རིང་འཚོག་གི་ཡོད་པའི་སྟེང་། བོད་ཀྱི་རིག་གཞུང་ནི་རྒྱ་མིའི་རིག་གཞུང་གི་ཆ་ཤས་གལ་ཆེན་ཞིག་ཡིན་པའི་ཆ་ནས། བོད་ལྗོངས་ཞི་བས་བཅིངས་གྲོལ་རྗེས་འདས་པའི་ལོ་༧༠རིང་། རྒྱ་ནག་གིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ལུགས་སོགས་འཁོད་ཡོད་ནའང་། རྒྱ་གར་ནང་གི་བོད་རིག་པའི་མཁས་དབང་ཝར་ན་མཐོ་སློབ་ཀྱི་སློབ་དཔོན་བྱམས་པ་བསམ་གཏན་ལགས་ནས། པེ་ཅིང་དུ་བོད་རིག་པའི་ཚོགས་ཆེན་བསྐོང་བཞིན་པ་ནི། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་ལ་བདག་གཅེས་རྒྱུན་འཛིན་བྱེད་ཀྱི་ཡོད་ཟེར་ནས། དོན་ལ་མི་གནས་པའི་ཚིག་སྐམ་གྱི་རྣམ་འགྱུར་བསྟན་པ་ཙམ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། བོད་རིག་པའི་ཚོགས་ཆེན་གྱི་སྡིངས་ཆ་དེར་རྒྱ་ནག་གཞུང་གིས་བོད་ཀྱི་གནས་སྟངས་ཡར་རྒྱས་དང་རིག་གཞུང་སྲུང་སྐྱོབ་བྱས་པ་སོགས་འཁྱོག་བཤད་བྱེད་བཞིན་པ་ཡིན་ནའང་། དོན་དངོས་བོད་ནང་ཆོས་དང་རིག་གཞུང་། སྐད་དང་གོམས་གཤིས་གང་ཐད་ལ་སྔར་ལས་དམ་དྲག་ཇེ་ཆེ་དང་། དཀའ་ངལ་ཇེ་ཆེ་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད་པས། རྒྱ་ནག་གཞུང་གིས་སྡིངས་ཆ་དེ་འདྲར་བོད་ནང་གི་དངོས་ཡོད་གནས་སྟངས་དྲང་བཞག་གིས་བཤད་དགོས་པ་དང་། མཁས་པ་ཚོ་བོད་ནང་རང་འདོད་ལྟར་འགྲོ་བསྐྱོད་ཆོག་པ་དང་ཞིབ་འཇུག་གི་རང་དབང་ཆ་ཚང་སྤྲད་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཝར་ནཱ་མཐོ་སློབ་གྱི་སློབ་དཔོན་བྱམས་པ་བསམ་གཏན་ལགས་ནས་ཀྱང་། རྒྱ་ནག་གཞུང་གིས་ལས་ཀ་ག་རེ་བྱས་ནའང་ཆབ་སྲིད་ཀྱི་དགོས་མཁོ་ཞིག་དང་བསྟུན་ནས་བྱེད་བཞིན་པར་བརྟེན། རྒྱ་ནག་གཞུང་གིས་ཀྲུང་གོའི་བོད་རིག་པ་ཟེར་བ་འཛུགས་དོན་ནི། བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་སློབ་གཉེར་གནང་མཁན་གྱི་ཕྱི་རྒྱལ་མཁས་པ་ཐེངས་དང་པོའི་གྲས་ཀྱིས། སྤྱི་ལོ་༡༩༧༩ལོ་ནས་རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་བཙུགས་ཏེ་གཞི་ནས་རྒྱ་ནག་གཞུང་གིས་བོད་རིག་པ་ཟེར་བ་བཙུགས་པ་དང་། དེ་ནི་ཕྱི་རྒྱལ་ཡུལ་ཁག་ཏུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་འབྲེལ་བ་ཡོད་པའི་མི་སྣ་དང་། དེ་ཚོས་འཛམ་གླིང་དུ་བོད་རིག་པའི་སྐོར་དར་ཁྱབ་ཆེན་པོ་སྤེལ་བཞིན་པའི་ཁ་ཕྱོགས་རྣམས། ཁོ་རང་ཚོའི་ཐོག་བཀུག་ཐུབ་པའི་ངན་སེམས་བཅངས་ནས་ཀྲུང་གོའི་བོད་རིག་པ་བཙུགས་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་ནི། སྤྱི་ལོ་༡༩༧༩ལོར་དབྱིན་ཡུལ་གྱི་(Oxford)་སློབ་ཆེན་དུ། འབར་མ་རྒྱལ་ཁབ་ཀྱི་མང་གཙོ་དོན་གཉེར་བ་གྲགས་ཅན་ལྕམ་ཨང་སན་སུའུ་ཅི་མཆོག་གི་སྐུ་ཟླ། དབྱིན་ཇིའི་མི་རིགས་(Michael Aris)་ལགས་སོགས་ཀྱིས་བཙུགས་ཏེ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་༡༦ཚུགས་ཟིན་ཡོད་ནའང་། ཀྲུང་གོའི་བོད་རིག་པ་ཟེར་བ་དེས་ད་བར་ཚོགས་འདུ་ཐེངས་༧མ་གཏོགས་འཚོགས་ཐུབ་མེད་ཅིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཟེར་བ་མཉམ་རུབ་ཀྱིས་བསྒྲུབས་པའི་ཚོགས་འདུ་དེར། བོད་རིག་པའི་ཞིབ་འཇུག་ཇེ་རྒྱས་སུ་གཏོང་རྒྱུ་དང་བོད་ལྗོངས་སྒོ་དབྱེ་ཟེར་བའི་བརྗོད་གཞི་བཞག་སྟེ། སྲིད་དོན་དང་དཔལ་འབྱོར། ཞིང་གྲོང་དང་ཤེས་ཡོན་ཡར་རྒྱས། བོད་ཀྱི་ནང་ཆོས་དང་རྩོམ་རིག་སོགས་ཚུད་པའི་བརྗོད་གཞི་འདྲ་མིན་༢༠ཙམ་ཁེབས་པ་བྱས་ཡོད་ཚུལ་བཅས་འཁོད་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎