འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་འདུག

དེ་ཡང་ཉེ་བའི་ཉིན་ཤས་རིང་། བོད་མི་མང་སྤྱི་འཐུས་རྣམ་པ་ཁག་བགོས་བྱས་ནས་རྒྱ་གར་གྱི་ས་གནས་གང་སར་ཕེབས་སྟེ་རྒྱ་གར་གྱི་གནད་ཡོད་མི་སྣ་དང་། སློབ་གྲྭ་ཁག ས་གནས་ཡུལ་མི་བཅས་དང་ཐུག་འཕྲད་བྱས་ནས་བོད་དོན་གཏམ་བཤད་དང་བོད་དོན་ཞུ་སྐུལ་གནང་ཡོད་པ་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཟླ་༨ཚེས་༢༩ཉིན་ཁོང་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་བཅས་ནས་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཁུལ་དུ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Prem Singh Tamang-Golay)་ལགས་དང་མཇལ་འཕྲད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་ཡོང་ཐབས་དང་། དམིགས་བསལ་རྒྱ་གར་དབུས་གཞུང་གིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་༢༠༡༤དགོངས་དོན་དང་། ༢༠༡༨ལོར་འབྲས་ལྗོངས་གཞུང་ནས་གཏན་ལ་ཕབ་པའི་ཡིག་ཆ་ཁག་གཞིར་བཟུང་རྒྱལ་ས་སྒང་ཏོག་དང་ར་ཝང་ལ་བཅས་སུ་གནས་སྡོད་སྐྱབས་བཅོལ་བོད་མི་རྣམས་ལ་མཐུན་འགྱུར་དང་རོགས་མགོན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སྐབས།
འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཁོང་ཚོར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིང་མིན་སྤྱི་ཟླ་༡༠་བའི་ནང་རྒྱ་གར་བྱང་ཤར་འབྲས་ལྗོངས་སུ་ཆིབས་བསྒྱུར་གནང་འཆར་ཡོད་པ་དང་། ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་མཛད་འཕྲིན་ཁག་སྙིང་དབུས་སུ་བཅང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པ་ལྟར། དེ་ལ་འགྱུར་བ་གང་ཡང་མེད་པར་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་དང་། དམིགས་བསལ་ཧི་མ་ལ་ཡའི་རི་རྒྱུད་དང་འབྲེལ་ཆགས་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་དང་། འབྲས་ལྗོངས། ཧི་མ་ཅལ། ནུབ་བྷེང་གྷལ། ལ་དྭགས་བཅས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། སྡེ་དཔོན་བཅས་ལྷན་འཛོམས་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་ཀྱི་རྩ་འཛིན་ལྟ་བུའམ། ཡང་ན་མངའ་སྡེ་སོ་སོའི་ནང་གནས་འཁོད་བོད་མི་སྐྱབས་བཅོལ་བ་རྣམས་ལ་རོགས་མགོན་གནང་ཕྱོགས་གཅིག་གྱུར་ཞིག་ཡོང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པས། དེའི་ཆེད་ཚོགས་འདུ་ཞིག་རྒྱལ་ས་ལྡི་ལིའམ་ཡང་ན་བཞུགས་སྒར་རྡ་རམ་ས་ལ་གང་རུང་ལ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་ཐུབ་ཚེ་ཁོང་གིས་སྣེ་ཁྲིད་གནང་རྒྱུ་ཡིན་པའི་སྐོར། འབྲས་ལྗོངས་སུ་གནས་འཁོད་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ཆེད་གཏན་འབེབས་གནང་བའི་ཡིག་ཆ་ཁག་གི་འབྲུ་དོན་ལག་བསྟར་ངེས་པར་གནང་རྒྱུ་ཡིན་སྐོར། འབྲེལ་མཐུད་པ་ཞིག་ཀྱང་བསྐོ་འཛུགས་གནང་ཐབས་བྱ་རྒྱུ་ཡིན་པའི་ཞལ་བཞེས་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།