བཙན་བྱོལ་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་འཆར།
2009.02.23
༄༅༎བཞུགས་སྒར་རྡ་རམ་ས་ལར་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་འཆར་ཡོད་པ་རེད།
དེ་ཡང་བོད་ཀྱི་བེུད་ལྷན་ཚོགས་དང་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ།དགུ་བཅུ་གསུམ་ཚོགས་པ།བོད་རང་བཙན་སློབ་ཕྲུག་ཚོགས་པ་ བཅས་ཐུན་མོང་གིས་གོ་སྒྲིག་འོག་ད་ལོའི་བོད་ས་གླང་ལོའི་ལོ་གསར་རྒྱས་སྤྲོས་སོགས་ཀྱི་རྣམ་པའི་ཐོག་ནས་སྲུང་བརྩི་མ་ཞུས་པར་ཕྱི་ཚེས་ཉི་ཤུ་བཞི་གཟའ་མིག་དམར་ཉིན་བཞུགས་སྒར་རྡ་རམ་ས་ལར་རྒྱ་ནག་གཞུང་གི་དབང་བསྒྱུར་དང་དྲག་གནོན་འོག་ན་ནིང་བོད་མདོ་དབུས་ཁམས་གསུམ་དུ་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་ད་དུང་ཡང་བོད་མི་མང་པོ་ཞིག་བཙོན་འཇུག་བྱེད་མུས་ཡིན་པར་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱས་ནས་དམག་མི་ཕོན་ཆེ་མུ་མཐུད་ནས་འགྲེམས་འཇོག་བྱེད་མུས་ལ་ངོ་རྒོལ་མཚོན་ཆེད་ཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་དང་དེ་བཞིན་བོད་ནང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཁག་ནང་ཚེ་སྲོག་ཤོར་བ་རྣམས་ལ་རྗེས་དྲན་ཆེད་ལོ་གསར་ཚེས་གཅིག་ཉིན་གཙུག་ལག་ཁང་ཐེགས་ཆེན་ཆོས་གླིང་དུ་ཞལ་འདོན་གྱི་ལས་འགུལ་ཞིག་གོ་སྒྲིག་གནང་རྒྱུ་ཡིན་པ་རེད། དེ་མིན་རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་ནས་༸གོང་ས་མཆོག་གིས་དབུས་པའི་བོད་མི་འབུམ་གཉིས་ལྷག་ཙམ་བཙན་བྱོལ་དུ་ཕེབས་ནས་ལོ་ངོ་ལྔ་ཅུ་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུ་ཆེད་གསུམ་ཅུའི་དུས་དྲན་ཉིན་ནས་ངོ་རྒོལ་དང་མར་མེའི་ཁྲོམ་འཁོར་སོགས་ཀྱི་ལས་འགུལ་འདྲ་མིན་ཞིག་སྤེལ་གནང་འཆར་ཡོད་པ་རེད། དེ་དང་འབྲེལ་ཐའེ་ལྦན་ནང་ལ་ཡང་བོད་པའི་ལོ་གསར་ཚེས་གཅིག་ཉིན་ཐའེ་ལྦན་བོད་ཀྱི་གྲོགས་པོ་ཚོགས་པས་ཐའེ་ཕེའི་རང་དབང་ཐང་ཆེན་དུ་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གཞུང་གིས་ན་ནིང་མདོ་དབུས་ཁམས་གསུམ་དུ་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་ཐོག་རྒྱ་ནག་གཞུང་ཕྱོགས་ནས་དྲག་གནོན་བྱས་ཏེ་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་བོད་མི་མང་པོ་བཙོན་འཇུག་བྱེད་བཞིན་པར་ངོ་རྒོལ་གྱི་རྣམ་འགྱུར་མཚོན་རྒྱུའི་ཆེད་མར་མེའི་ཁྲོམ་འཁོར་ཞིག་སྤེལ་འཆར་ཡོད་པ་ཐའེ་ལྦན་བོད་ཀྱི་གྲོགས་པོ་ཚོགས་པས་གཟའ་ཟླ་བའི་ཉིན་གནས་ཚུལ་ཕྱིར་བསྒྲགས་གནང་བཞག།