བོད་ནང་ཕྱིའི་རྣམ་པ་ཙམ་ལས་དོན་དངོས་ཆོས་དད་རང་དབང་མི་འདུག


2016.09.22
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༦།༩།༢༡ ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༦།༩།༢༡
AFP

རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ལུགས་བརྗོད་ཀྱི་ཡོད་ཀྱང་རང་དབང་དེ་དག་རྒྱ་ནག་གི་ཁྱད་ཆོས་དང་མཚུངས་པའི་རྣམ་པ་ཙམ་ལས་དོན་དངོས་བོད་མིའི་གཤིས་རྒྱུད་དང་ངོ་བོ་མཚོན་པའི་ཆོས་དད་རང་དབང་གི་རྣམ་པ་མེད་པ་རེད་འདུག
དེ་ཡང་ཚེས་༢༢་ཉིན་ཧྥ་རན་སི་གསར་ལས་ཁང་གི་གསར་འགོད་པ། བོད་ཀྱི་རྒྱལ་ས་ལྷ་སའི་ནང་བལྟ་སྐོར་བསྐྱོད་དེ་ས་གནས་བོད་མི་དང་། རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཁག་ལ་ཆོས་དད་རང་དབང་གི་གནས་བབས་སྐོར་བསམ་ཚུལ་འདྲི་རྩད་བྱས་པ་དང་། གསར་འགོད་པ་རང་ཉིད་ཀྱིས་མཐོང་ཐོས་ཀྱི་གནས་ཚུལ་སྤེལ་བའི་ནང་། ལྷ་སའི་གཙུག་ལག་ཁང་དང་བར་སྐོར། ཕོ་བྲང་པོ་ཏ་ལ་བཅས་པར་བོད་མི་མཆོད་མཇལ་ཞུ་མཁན་དང་། རྒྱ་རིགས་ཡུལ་སྐོར་བ་སོགས་བརྒྱ་ཕྲག་མང་པོ་མཐོང་རྒྱུ་ཡོད་པ་དང་། དེ་དག་ལ་བལྟས་ན་བོད་ནང་མང་ཚོགས་ཁྲོད་གུ་ཡངས་ཆོས་དད་རངདབང་ཡོད་པའི་རྣམ་པ་མཚོན་ཐུབ་པ་ཡིན། ཡིན་ནའང་མང་ཚོགས་ཁྲོད་ཆོས་ཕྱོགས་ཀྱི་བྱེད་སྒོའི་རང་དབང་ཡོད་པ་དེ་ནི་ཕྱིའི་སྣང་ཚུལ་ཙམ་ཞིག་མ་གཏོགས་དོན་དམ་གྱི་ཆ་ནས་བོད་ཀྱི་དགོན་སྡེ་ལ་སོགས་པའི་ཆོས་ཀྱི་ལྟེ་གནས་ཁག་ནང་། རྒྱ་གཞུང་གིས་སྟངས་འཛིན་དང་། དོ་དམ་འོག་རང་དབང་ལྡན་པའི་ཆོས་ཕྱོགས་ཀྱི་ཐོབ་ཐང་མེད་པ་གསལ་འདོན་བྱས་འདུག
དགུང་ལོ་༣༣་ཡིན་པ་ཟི་ཁྲོན་ཞིང་ཆེན་ནས་ཇོ་ཁང་དུ་གནས་མཇལ་ལ་ཕེབས་པའི་བོད་མི་དགེ་འདུན་པ་ཞིག་གིས། ང་ཚོར་རང་དབང་མེད། ང་ཚོ་ས་གནས་གཞན་ཞིག་ནས་བོད་ནང་གནས་མཇལ་ཞུ་བར་བསྐྱོད་སྐབས། དགོན་པའི་འཛིན་སྐྱོང་དང་། རྒྱ་ནག་གི ཆོས་དོན་ལས་ཁུངས། དེ་བཞིན་ས་གནས་ཉེན་རྟོག་ལས་ཁུངས་བཅས་ནས་དམིགས་གསལ་གྱི་བཀའ་ཁྲོལ་ཞུ་དགོས་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག
བར་སྐོར་གྱི་གཡས་གཡོན་དུ་རྒྱ་རིགས་ཡུལ་སྐོར་བའི་ཁྲོད་རྒྱ་ནག་གི་ས་ཁུལ་གཞན་ལས་བོད་ནང་ཆོས་དད་རང་དབང་ཆེ་བ་ཡོད་པའི་མཐོང་ཚུལ་འདུག དཔེར་ན། ལོ་ན་༢༢་བྱས་པའི་རྒྱ་རིགས་Peng Meng་ཟེར་བ་ཞིག་གིས། རྒྱ་ནག་གི་ས་ཁུལ་གཞན་ནང་གུང་ཁྲན་ཏང་གི་སྲིད་ཇུས་ཀྱི་རྐྱེན་པས་ཆོས་ཀྱི་ལྟེ་གནས་བརྒྱ་ཕྲག་མང་པོ་གཏོར་བཤིག་སོང་ཡོད་པ་རེད། འདིར་བོད་ནང་ནང་ཆོས་ལ་བདག་གཅེས་སྲུང་སྐྱོབ་འདུག་ལ་རྒྱ་ནག་གི་ས་ཁུལ་གཞན་དང་མི་འདྲ་བར་བོད་མི་ཚོ་ཡང་ཧ་ཅང་གི་ཆོས་དད་ཆེན་པོ་འདུག་ཅེས་གསར་འགོད་པར་བརྗོད་འདུག
ཡིན་ནའང་ཇར་མན་གྱི་Maximilian་གཙུག་ལག་སློབ་གཉེར་ཁང་ནང་། ནང་ཆོས་མཁས་དབང་Jens Hartmann་གིས་བོད་ཀྱི་དགོན་སྡེ་གྲ་ཚང་དང་ཆོས་ཕྱོགས་ཀྱི་ལྟེ་གནས་ཁག་གི་བྱེད་སྒོ་ཡོངས་རྗོགས་ལ་རྒྱ་ནག་གཞུང་གི་བཏང་འཛིན་དང་ལྟ་སྲུང་དམ་པོའི་འོག་ཡོད་པ་གསུངས་འདུག་ལ་གོང་གསལ་ཧྥ་རན་སི་གསར་ལས་ཁང་གི་གསར་འགོད་པས་ཀྱང་རྒྱལ་ས་ལྷ་སའི་ནང་སྐོར་བསྐྱོད་སྐབས་ཕྱོགས་ཡོངས་ལ་ལག་ཏུ་མེ་མདའ་ཐོག་པའི་རྒྱ་ནག་གི་ཉེན་རྟོག་པས་བསྐོར་གཡེང་བྱེད་བཞིན་པའི་མཐོང་ཚུལ་བརྗོད་འདུག།
འདི་ཚེས་༡༥་ཉིན་ཧོང་ཀོང་གི་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱེད་པའི་Human Rights Watch་ཞེས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ཉམས་ཞིབ་པ་ལྕམ་Sophia Richardson་ལགས་ཀྱིས། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་ཀྱི་དགོན་སྡེ་ཁག་ནང་འཛུགས་སྐྲུན་བྱེད་བཞིན་ཡོད་ཚུལ་བཤད་པ་དེ་ནི་དངོས་བདེན་གནས་ཚུལ་མིན་པ་མ་ཟད། རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་གཙོས་པའི་བོད་ཀྱི་དགོན་སྡེ་ཁག་ནས་གྲྭ་བཙུན་རྣམ་པའི་ཤག་གཏོར་བཤིག་བཏང་དང་གཏོང་མུས་ཡིན་པ་དང་། གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་ཕུད་གཏོང་བ། དེ་བཞིན་དགོན་སྡེ་ཁག་ནང་ཆོས་ཕྱོགས་ཀྱི་བྱེད་སྒོར་འཇིགས་སྐུལ་དང་དམ་བསྒྲགས་བྱེད་བཞིན་པར་གཞིགས་ན། བོད་ནང་ཆོས་དད་རང་དབང་མེད་པ་ཧ་ཅང་གསལ་བོ་དང་ཟུར་བལྟས་ལེབ་མཐོང་རེད་ཅེས་གསུངས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎