ཨེ་ནེསི་ཁན་ཊར་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་སྙིང་སྟོབས་གཟེངས་རྟགས་གནང་གཏན་འཁེལ་འདུག

2022.02.24
ཨེ་ནེསི་ཁན་ཊར་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་སྙིང་སྟོབས་གཟེངས་རྟགས་གནང་གཏན་འཁེལ་འདུག ཨ་མི་རི་ཀའི་(NBA)་ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་ཨེ་ནེསི་ཁན་ཊར་(Enes Kanter Freedom)་ལགས།
@Enes Kanter

ཨ་མི་རི་ཀའི་(NBA)་ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་ཨེ་ནེསི་ཁན་ཊར་(Enes Kanter Freedom)་ལགས་ཀྱིས། རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་ཐེ་བའི་གྲངས་ཉུང་མི་རིགས་ཐོག་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་སྲིད་ཇུས་ལ་ངོ་རྒོལ་དང་སྐྱོན་བརྗོད་གནང་བའི་སྙིང་སྟོབས་ལ་ཡི་རངས་བསྔགས་བརྗོད་ཞུ་ཆེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་༢༥་ཡིས་མཉམ་དུ་༢༠༢༢་ལོའི་འགྲོ་བ་མིའི་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་གི་སྙིང་སྟོབས་གཟེངས་རྟགས་དེ་ཁོང་ལ་འབུལ་གཏན་འཁེལ་ཡོད་པ་(Geneva)་ནས་འདི་ཚེས་༢༣་ཉིན་གནས་ཚུལ་སྤེལ་སྐབས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་སྤྱི་ཁྱབ་འགན་འཛིན་(Hillel Neuer)་ལགས་ཀྱིས། ཨེ་ནེསི་ཁན་ཊར་(Enes Kanter Freedom)་ལགས་ཀྱིས། རང་གི་སྒེར་དོན་དོར་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་ལ་ཐད་ཀར་སྐྱོན་བརྗོད་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་བཞིན་པའི་སྙིང་སྟོབས་ལས་གཟེངས་རྟགས་དེ་བྱུང་བ་གསུངས་འདུག
དེའི་ཐད་ཨེ་ནེསི་ཁན་ཊར་ལགས་ཀྱིས། ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ང་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་རྒྱལ་སྤྱིའི་སྟེང་ཡོངས་གྲགས་བཟོས་པར་ཐུགས་རྗེ་ཆེ་ཞུས་འདུག
ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་ཨེ་ནེསི་ཁན་ཊར་(Enes Kanter Freedom)་ལགས་ཀྱིས། རང་ཉིད་ཀྱི་མི་ཚེའི་མདུན་ལམ་ལ་ཉེན་ཁ་ཡོད་པར་མ་འཛེམ་པར་མངོན་གསལ་དོད་པོས་མདུན་དུ་ཐོན་ནས་རྒྱ་ནག་གཞུང་གི་འོས་མིན་སྲིད་ཇུས་ལ་སྐྱོན་བརྗོད་ཐེར་འདོན་བྱེད་ཀྱི་ཡོད་པ་རེད།
གཞན་ཚེས་༢༣་ཉིན་ཨ་རིའི་(NBA)་སིལ་སྤོལ་རྩེད་འགྲན་པ་(Enes Kanter Freedom)་ལགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དྲ་ཐོག་ནས་མཇལ་ཁ་ཞུས་གནང་ཡོད་པ་རེད།
མི་རིང་བའི་ཕྱི་ཟླ་༤་ཚེས་བའི་༦་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་ཐེངས་༡༤་པ་(Geneva)་ནང་འཚོགས་གཏན་འཁེལ་བ་ལྟར། སྐབས་དེ་དུས་སྐུ་ཞབས་(Enes Kenter)་ལགས་སུ་ཕྱི་ལོའི་༢༠༢༢་ལོའི་སྙིང་སྟོབས་གཟེངས་རྟགས་དེ་ཕུལ་འཆར་ཡོད་འདུག
ཇི་ནི་ཝའི་(Geneve)་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྷན་ཚོགས་ཀྱིས། ལོ་ལྟར་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་དང་འབྲེལ་བའི་བུད་མེད་ཀྱི་གཟེངས་རྟགས་དང་། འགྲོ་བ་མིའི་ཐོབ་ཐང་དང་སྒེར་གཅོད་རིང་ལུགས་ཀྱི་དྲག་གནོན་སོགས་ལ་ཁ་གཏད་གཅོག་མཁན་གསར་འགོད་པ་དང་། མང་གཙོ་དོན་གཉེར་བ། རྩོམ་པ་པོ་དང་ལས་འགུལ་བ་སོགས་ལ་སྙིང་སྟོབས་གཟེངས་ཕུལ་ཀྱི་ཡོད་པ་ལྟར། དེ་སྔ་ཕྱི་ལོ་༢༠༡༩་ལོར་འཇིགས་བྲལ་གློག་བརྙན་ཕབ་བསྐྲུན་པ་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་སུ་སྙིང་སྟོབས་གཟེངས་རྟགས་དེ་ཕུལ་ཡོད་པ་རེད།

གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎