རྒྱ་མི་ཞིག་གིས་བོད་ནང་གི་ས་བྱི་ཞི་རྒོལ་སྐབས་བརྒྱབ་པའི་པར་རིས་ཁག་ཅིག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དུ་འགྲེམས་སྟོན་བྱེད་འཆར་འདུག
དེ་ཡང་ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་དགུ་བའི་ནང་རྒྱ་ནག་བཟོ་བཀོད་ལྷོ་ནུབ་འཆར་འགོད་ལས་ཁུངས་ཀྱི་མཐོ་རིམ་བཟོ་བཀོད་པ་སྐུ་ཞབས་ཡོའུ་ཁྲི་(Yu Chi)་ལགས་ནང་མི་དང་བཅས་བ་རྒྱ་ནག་ཁྲིན་ཏུའུ་ནས་ཨ་རིར་བྲོས་བྱོལ་དུ་ཕེབས་ཐུབ་ཡོད་པ་དང་། ཁོང་གིས་བོད་ནང་ནས་བླངས་བའི་དངོས་ཡོད་གནས་སྟངས་མཚོན་པའི་པར་རིས་ཁག ཟླ་བ་འདིའི་ཚེས་༡༣ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་འགྲེམས་སྟོན་དང་མཉམ་བགྲོ་གླེང་ཚོགས་འདུ་འཚོགས་རྒྱུ་ཡིན་པ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་གསུང་ན། མཐོ་རིམ་བཟོ་བཀོད་པ་སྐུ་ཞབས་ཡོའུ་ཁྲི་(Yu Chi)་ལགས་རྒྱ་ནག་ནས་བོད་ནང་ལས་བསྒྱུར་བྱས་རྗེས་བོད་ནང་དུ་གཞུང་དང་མི་སྒེར་གྱི་ཁང་པ་འཛུགས་བསྐྲུན་བཟོ་བཀོད་ཀྱི་ལས་ཀ་བྱས་ཡོད་པ་ཡིག་ཆ་ཁག་ན་གསལ་བ་དང་། ༢༠༠༨་ལོར་ཁོ་རང་ལྷ་སར་ཡོད་སྐབས། བོད་ནང་གི་ས་བྱི་ཞི་རྒོལ་སྐབས་རྒྱ་ནག་གིས་དྲག་མནོན་བྱས་བའི་པར་མང་པོ་བླངས་འདུག སྤྱིར་པར་དེ་ཚོ་ལོ་མང་འགོར་ཟིན་ཡང་རྒྱ་མི་ཞིག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་ཐད་དཔང་པོར་ཐོན་པའི་པར་དེ་དག་དམིགས་བསལ་བ་ཟིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་གསུང་བྱུང་།
བཟོ་བཀོད་པ་ཁོང་གི་ལས་ཁུངས་དེ་རྒྱ་ནག་ཁྲིན་ཏུའུ་ན་ཡོད་པས་ཁོང་གིས་ལོ་བཅུ་གྲངས་རིང་སྔ་ཕྱི་ཐེངས་བརྒྱ་ལྷག་བོད་ནང་བསྐྱོད་དེ། ལྷ་ས་གྲོང་ཁྱེར་དུ་སྐབས་དེའི་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་དང་། རྗེས་སུ་རྒྱ་ནག་དམངས་ཆེན་ཚོགས་གཙོ་གཞོན་པར་གྱུར་བ་པདྨ་འཕྲིན་ལས་ཐེ་བའི་རྒྱ་བོད་དམར་ཕྱོགས་དཔོན་རིགས་མང་པོའི་སྡོད་གནས་ལ་རྒྱས་སྤྲོས་བཟོ་བཀོད་སྐབས། དམར་ཤོག་དཔོན་རིགས་ཚོས་ཇི་ལྟར་མ་དངུལ་འབོར་ཆེན་བག་མེད་ལོངས་སྤྱོད་བྱས་པ་དང་། ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས། དེ་བཞིན་ལྷ་སའི་མི་སེར་དཀྱུས་མ་ཚོ་དབུལ་ཕོངས་ཡིན་པའི་ཡིད་སྐྱོ་བའི་འཚོ་བའི་གནས་སྟངས་བཅས་དངོས་སུ་མཐོང་བ་པར་བླངས་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་སྐབས་སུ། རྒྱ་ནག་གིས་ཡ་ང་བའི་དྲག་གནོན་དང་བོད་ཀྱི་དགེ་འདུན་པ་དང་བཙུན་པ་གཙོས་བོད་མི་ཚོས་རང་ལུས་མེར་བསྲེག་གནང་སྐོར། དེ་བཞིན་བོད་མི་དམར་ཤོག་ཚོགས་པའི་དཔོན་རིགས་རེ་ཟུང་མ་གཏོགས་བོད་མི་ཡོངས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་གཡོ་བ་མེད་པ་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་གནས་སྟངས་གསལ་བོ་མིག་མཐོང་ལག་ཟིན་ཡོད་པ་གོང་ཞུས་བཟོ་བཀོད་པ་ཡོའུ་ཁྲི་ལགས་ཀྱི་སྤུན་མཆེད་ད་ལྟ་ཨ་རིའི་ནང་གནས་བཞུགས་རྩོམ་པ་པོ་གྲགས་ཅན་ཡོའུ་ཇེ་ནས་རྩོམ་ཡིག་སྤེལ་ནས་གནས་ཚུལ་འགྲེལ་བརྗོད་གནང་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།