བོད་ཀྱི་འགྲེམས་སྟོན་ཁང་གིས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་སྐོར་བསྐྱོད་འགྲེམས་སྟོན་གནང་འདུག

ཉེ་བའི་ཆར་སྤྱི་ཟླ་༤པའི་ཚེས་༧ནས་༢༧བར་བདུན་ཕྲག་གསུམ་རིང་། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་འགྲེམས་སྟོན་ཚན་པ་ཡོ་རོབ་ནང་གི་རྒྱལ་ཁབ་འཇར་མན་དང་། ཨི་ཊ་ལི། སིད་སི་བཅས་རྒྱལ་ཁབ་གསུམ་གྱི་ནང་སྐོར་བསྐྱོད་གནང་སྟེ། པར་རིས་སྣ་ཚོགས་དང་བོད་ཀྱི་དངུལ་ལོར། བོད་ཀྱི་རྒྱལ་དར་སོགས་ཅ་དངོས་སྣ་ཚོགས་འགྲེམས་སྟོན་གནང་བ་བརྒྱུད། བོད་ཀྱི་གནས་སྟངས་སྤྱི་དང་ཁྱད་པར་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་དང་ཁོར་ཡུག་གཏོར་བཤིག བོད་མིའི་ངོ་བོ་རྩ་མེད་ཀྱི་སྲིད་ཇུས་སོགས་འཛིན་བཞིན་པ་མཚོན་པའི་ངོ་སྤྲོད་འགྲེམས་སྟོན་དང་། གཞོན་སྐྱེས་དང་དགེ་རྒན་སློབ་ཕྲུག མི་མང་དཀྱུས་མ་བཅས་ཀྱི་དྲི་བ་གནང་བར་ལན་འདེབས་སོགས་ཞུས་ཡོད་པ་མ་ཟད། ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་གསུམ་ལ་མཇལ་འཕྲད་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་བཅས་ལའང་མཇལ་འཕྲད་བཀའ་མོལ་གནང་ཡོད་པ། བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་ད་དུང་ནམ་རྒྱུན་པར་རིས་སྣ་ཚོགས་ཀྱི་ལམ་ནས་འགྲེམས་སྟོན་གནང་གི་ཡོད་ནའང་། ད་རེས་སྔར་དང་མི་འདྲ་བ་ཞིག་ནི་བོད་དང་རྒྱ་ནག་ཐ་དད་ཡིན་པ་མཚོན་པའི་ཆེད་དུ། བོད་ཀྱི་དངུལ་ལོར་སོགས་ཅ་དངོས་སྣ་མང་ཁུར་ཏེ་འགྲེམས་སྟོན་གནང་བར་དམིགས་བསལ་དོ་སྣང་གནང་གི་འདུག་ཅེས་དང་། ད་རེས་ཀྱི་འགྲེམས་སྟོན་ནི་བདུན་ཕྲག་གསུམ་གྱི་རིང་གི་སྐོར་བསྐྱོད་ཡིན་དུས་སོ་སོ་ལ་ལུས་ཀྱི་ཆ་ནས་དཀའ་ངལ་གང་འཚམས་ཤིག་འཕྲད་སོང་ནའང་། སྐོར་བསྐྱོད་ཀྱི་ལས་དོན་ཡག་པོ་འགྲུབ་ཐུབ་པས་སེམས་ནང་ལྷོད་ལྷོད་དང་སྐྱིད་པོ་བྱུང་བ་མ་ཟད། སིད་སི་གྲོང་ཁྱེར་ཛོ་རིག་གི་ནང་བོད་མི་གཞོན་སྐྱེས་མི་ཐོག་བཞི་བའི་གྲས་བརྒྱ་སྐོར་ཅིག་ཕེབས་པར་འགྲེམས་སྟོན་ངོ་སྤྲོད་ཐུབ་པ་དང་། ལྷག་པར་མི་ཐོག་རྒན་པ་མང་པོར་སེམས་འགུལ་ཐེབས་ཏེ་མིག་ཆུ་གཏོང་མཁན་ཀྱང་འདུག་པ་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་འགྲེམས་སྟོན་ཚན་པས་ཡོ་རོབ་ནང་དུ་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་དང་། བོད་ནང་རྟོག་ཞིབ་ཚོགས་ཆུང་ཐེངས་འགར་ཕེབས་པའི་གློག་བརྙན་གཟིགས་འབུལ་དང་འབྲེལ། གློག་བརྙན་ཐུང་ངུ་རེའི་རྗེས་སུ་དོགས་འདྲི་ལ་ལན་འདེབས་བཅས་ཞུས་པར། གཞོན་སྐྱེས་དང་མི་མང་ཚོས་ནམ་རྒྱུན་དང་མི་འདྲ་བའི་དོ་སྣང་ཆེན་པོའི་སྒོ་ནས་དགོང་དྲོའི་ཆུ་ཚོད་བདུན་པ་བར་བཞུགས་ཏེ། བོད་དོན་ཐོག་དོ་སྣང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་ཡོད་པ་རེད་འདུག།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།