རྡ་སར་འཕགས་མཆོག་རང་བྱོན་ཝ་ཏི་བཟང་པོ་ཞེས་དུས་ཐུང་འགྲེམས་སྟོན་གནང་གི་འདུག

2024.05.23
རྡ་སར་འཕགས་མཆོག་རང་བྱོན་ཝ་ཏི་བཟང་པོ་ཞེས་དུས་ཐུང་འགྲེམས་སྟོན་གནང་གི་འདུག
RFA /Dhasa

སྤྱི་ཟླ་ལྔ་པའི་ཚེས་༢༢ཉིན་བོད་ཀྱི་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག་རྡ་རམ་ས་ལའི་གངས་སྐྱིད་འགྲེམས་སྟོན་ཁང་དུ། བོད་ཀྱི་ཇོ་བོ་འཕགས་མཆོག་རང་བྱོན་ཝ་ཏི་བཟང་པོ་ཞེས་དུས་ཐུང་གི་འགྲེམས་སྟོན་དབུ་འབྱེད་མཛད་སྒོ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་དབུ་འབྱེད་གནང་ཡོད་པ་དང་། མཛད་སྒོའི་ཐོག་རྫོང་དཀར་ཆོས་སྡེའི་མཁན་པོ་བྱམས་པ་བཟོད་པ་ལགས། རྩོམ་པ་པོ་དང་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་འབྲེལ་ཡོད་དྲུང་ཆེ་ཆུང་རྣམ་པ་བཅས་མཉམ་ཞུགས་གནང་ཡོད་འདུག
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས། དུས་རབས་མང་པོའི་གོང་གི་ཇོ་བོ་ཝ་ཏི་བཟང་པོའི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་བ་དང་འབྲེལ་གལ་གནད་སྐོར་འགྲེལ་བཤད་གནང་ཡོད་འདུག དེ་དང་ཕྱོགས་མཚུངས་རྫོང་དཀར་ཆོས་སྡེའི་མཁན་རིན་པོ་ཆེ་མཆོག་གིས་ཀྱང་ཇོ་བོ་ཝ་ཏི་བཟང་པོའི་བྱུང་རབས་དང་། ལྷག་པར་དུ་བོད་ནས་གདན་འདྲེན་ཞུས་པའི་སྐབས་སྐུ་ངལ་མང་པོ་འཕྲད་པའི་ལོ་རྒྱུས། སྐུ་བརྙན་འདི་བཞིན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་རྩ་ཆེའི་རང་བཞིན་སྐོར་གསལ་བཤད་གནང་ཡོད་པ་རེད།

Wati sangpo (1).jpeg
པར། CTA


བོད་ཀྱི་ཇོ་བོ་ཝ་ཏི་བཟང་པོ་ནི། རྫོང་དཀར་ཆོས་སྡེ་དང་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཡིན་པ་རེད།
ཡང་མཛད་སྒོའི་ཐོག་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་ལགས་དང་། ཕྱི་དྲིལ་དྲུང་ཆེ་ལས་འཕར་བསྟན་འཛིན་ལེགས་བཤད་ལགས་གཉིས་ཀྱིས། དུས་ཐུང་འགྲེམས་སྟོན་འདི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ལྡན་པའི་རྩ་ཆེའི་རིན་ཐང་བྲལ་བའི་རིག་གཞུང་རྣམས་བདག་གཅེས་རྒྱུན་འཁྱོངས་ཞུ་ཐུབ་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ལུགས་ཞུས་འདུག་ལ། གཙང་ཕྲུག་སྟོབས་ལགས་ཀྱིས། ད་རེས་ཇོ་བོ་ཝ་ཏི་བཟང་པོ་དང་འབྲེལ་བའི་དུས་ཐུང་འགྲེམས་སྟོན་གྱི་ནང་དོན་གཙོ་བོ་ཆོས་ལུགས་དང་། གནའ་རྫས། ཆབ་སྲིད་ཀྱི་ཐོག་ནས་མཚོན་ཐབས་བྱས་ཡོད་པ་ངོ་སྤྲོད་གནང་འདུག
སྤྱིར་བཏང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་ཁོངས་གཏོགས་བོད་ཀྱི་འགྲེམས་སྟོན་ཁང་གིས། ས་གནས་དང་གཞན་ཡང་ཕྱོགས་མཐའ་ཁག་ལ་སྐོར་སྐྱོད་ཀྱི་ལམ་ནས་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ཀྱི་བྱུང་རབས་དང་འབྲེལ་བའི་འགྲེམས་སྟོན་པར་རིས་རྣམས་འགྲེམས་སྟོན་གྱི་ལམ་ནས་གོ་རྟོགས་སྤེལ་ཐབས་ཀྱི་ལས་གཞི་ཡང་སེ་སྤེལ་བཞིན་པ་རེད།
རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭའི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོ་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཡི་རྣམ་གྲངས་ཤིག་ཆགས་ཡོད་པ་དང་། འཕགས་པ་སྤྱན་རས་གཟིགས་དང་བོད་གངས་ཅན་གྱི་ལྗོངས་ལ་གདུལ་བྱ་འདུལ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པས། ཇོ་བོ་ཝ་ཏི་བཟང་པོ་ནི་བོད་ལ་དམིགས་བསལ་གྱི་མཚོན་དོན་དང་ལོ་རྒྱུས་ཅན་ཞིག་ཆགས་ཡོད་ཅེས་དང་། བལ་བོད་ཀྱི་ས་མཚམས་སུ་ཤིང་ཙན་དན་གྱི་སྡོང་བོ་ཞིག་ལ་རང་བྱོན་དུ་ཕེབས་ཏེ་གསུང་འབྱོན་པ་གྲགས་ཆེ་བའི་ཇོ་བོ་མཆེད་གསུམ་ལས། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཇོ་བོ་ཝ་ཏི་བཟང་པོ་དང་ཇོ་བོ་ལོ་ཀེ་ཤྭ་ར་འཕགས་པ་མཆེད་གཉིས་གདན་འདྲེན་གྱིས། པོ་ཏཱ་ལའི་མཆོད་ཁང་ནུབ་མར་བཞུགས་སུ་གསོལ་ནའང་། ཕྱིས་སུ་ཇོ་བོ་ལོ་ཀེ་ཤྭ་ར་ཆོས་རྒྱལ་རང་གི་ཐུགས་དམ་གྱི་རྟེན་དུ་ཉར་བ་དང་། ཇོ་བོ་ཝ་ཏི་བཟང་པོ་ནི་སྐྱིད་གྲོང་གི་གྲོང་དཔོན་རེ་ལོ་རེ་བཞིན་མཛེ་ནད་ཀྱིས་གྲོངས་འགྲོ་བའི་བགེགས་གནོན་དུ་གདན་དྲངས་པ། གོར་བོད་དམག་འཁྲུག་གི་རྐྱེན་གྱིས་ཐེངས་མ་གཉིས་ཕོ་བྲང་པོ་ཏཱ་ལའི་ནང་གདན་འདྲེན་ཞུས་མྱོང་བ་དང་། སྤྱི་ལོ་༡༩༥༩ལོར་བོད་ཡོངས་རྫོགས་རྒྱ་ནག་གི་བཙན་འཛུལ་འོག་ཤོར་སྐབས། སྐྱིད་གྲོང་གི་མང་ཚོགས་དང་རྫོང་དཀར་ཆོས་སྡེས་རྒྱ་གར་དུ་གདན་འདྲེན་གྱིས་༧གོང་ས་མཆོག་གི་ཐུགས་དམ་གྱི་རྟེན་དུ་བཞུགས་པ་དང་། མ་ཎིའི་རིལ་སྒྲུབ་ཀྱི་རྟེན་གཙོར་བདུན་ཕྲག་གཅིག་རིང་བཞུགས་སྲོལ་ཡོད་པ་སོགས་ངོ་སྤྲོད་གནང་བྱུང་།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎