༧གོང་ས་མཆོག་གི་སྐུ་ཁམས་གསལ་ཐང་ཡིན་པས་སེམས་ཁྲལ་གནང་མི་དགོས་པ་གསུངས་པ།

2022.02.09
༧གོང་ས་མཆོག་གི་སྐུ་ཁམས་གསལ་ཐང་ཡིན་པས་སེམས་ཁྲལ་གནང་མི་དགོས་པ་གསུངས་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས།
RFA/Dhasa

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་ཞིག བཞུགས་སྒར་རྡ་རམ་སཱ་ལ་གངས་ཅན་སྐྱིད་གཤོངས་དུ་གསར་བསྐྲུན་གནང་སྟེ། སྤྱི་ཟླ་༢་པའི་ཚེས་༩་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབུ་འབྱེད་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་སྣེ་དང་གནད་ཡོད་མི་སྣ་སོགས་ལ། འགྲེམས་སྟོན་དབུ་འབྱེད་དང་འབྲེལ་བའི་ངོ་སྤྲོད་གཏམ་བཤད་གནང་སྐབས། ལས་དོན་གང་ཞིག་བསྒྲུབ་ཀྱང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ་དགོས་པ་གསུངས་པ་དང་སྦྲགས། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོངས་ལ་བཀའ་ཤག་གིས་འགན་འཁུར་བཞེས་པའི་ཐོག་ནས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་སྐུ་ཁམས་གསལ་ཐང་ཐོག་སྐུ་ལྷོད་ངང་བཞུགས་ཡོད་པ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག དེ་ལྟར་ཡིན་པ་ཡང་འཛིན་སྐྱོང་བཀའ་ཤག་གི་སྲིད་སྐྱོང་གི་མིང་ཐོག་ནས་འགན་ཆ་ཚང་བཞེས་ཏེ་གསུང་གི་ཡོད་པ་དང་། དེང་སྐབས་སྤྱི་ཚོགས་ནང་དུ་དཀྲོག་གཏམ་སྤེལ་མཁན་ཁག་ཅིག་ཡོད་སྟབས། གལ་ཏེ་དཀྲོག་གཏམ་དེ་རིགས་བོད་ནང་དུ་བསླེབས་ཡོད་པ་ཡིན་ན། བོད་ནང་གི་བོད་མི་ཚོས་ཐུགས་འཚབ་རྩ་བ་ནས་གནང་མི་དགོས། ཞེས་གསུངས་སོང་།
དེ་བཞིན་སྲིད་སྐྱོང་མཆོག་ནས་འགྲེམ་སྟོན་ཁང་འདི་ནི་ས་ཁྱོན་ཆེན་པོ་དང་སྣ་འཛོམས་རྣམ་གྲངས་མང་པོ། བོད་ཀྱི་གནས་སྟངས་གསལ་སྟོན་གཏིང་ཟབ་ཐུབ་པ་སོགས་གང་གི་ཆ་ནས་ཀྱང་། འགྲེམ་སྟོན་ཁང་རྙིང་པ་དེ་ལས་གྲ་རྒྱས་འཐུས་ཚང་དུ་བཏང་ཡོད་པ་གསུངས་བྱུང་།
བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ཀྱིས་གསུངས་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བོད་ཀྱི་རང་དབང་འཐབ་རྩོད་གནས་སྟངས་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཁོར་ཡུག་བཅས་གཏོར་བཤིག་ཚབས་ཆེན་གཏོང་བཞིན་པ་གསལ་སྟོན་གྱི་ཆེད། བོད་ཀྱི་འགྲེམ་སྟོན་ཁང་དེ་ངལ་བ་ཁྱད་བསད་ཀྱིས་བཙུགས་པ་ཞིག་དང་། འགྲེམ་སྟོན་ཁང་འདི་དེང་རབས་ཀྱི་ཚད་ལྡན་འགྲེམས་སྟོན་ཁང་གི་ངོ་བོའི་ཐོག་གསར་བསྐྲུན་གནང་ཡོད་པ་གསུངས་བྱུང་།

Tibet museum.jpg
གཞན་བོད་ཀྱི་ཆབ་སྲིད་འཐབ་རྩོད་དང་བོད་གཞིས་བྱེས་ཀྱི་གནས་སྟངས། ༧གོང་ས་མཆོག་གི་རིན་བྲལ་བཀའ་སློབ་དང་མཛད་འཕྲིན་ཁག འཛམ་གླིང་སྤྱི་བྱེ་ལ་བརྒྱུད་བསྒྲགས་བྱེད་པར་འགྲེམ་སྟོན་ལས་གཞི་འདི་ཧ་ཅང་གལ་ཆེན་ཡིན་པ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་གསུངས་བྱུང་།
བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ། སྤྱི་ལོ་༡༩༩༨་ལོ་ནས་མགོ་འཛུགས་གནང་སྟེ་བོད་ཀྱི་འགྲེམ་སྟོན་ཁང་ཞིག་བཞེངས་བསྐྲུན་གནང་བ་དེ། སྤྱི་ལོ་༢༠༠༠་ལོར་༧གོང་ས་མཆོག་གིས་དབུ་འབྱེད་གནང་ཡོད་པ་དང་། ད་ཆ་འགྲེམ་སྟོན་ཁང་དེ་གངས་སྐྱིད་དུ་གནས་སྤོས་དང་རྒྱ་བསྐྱེད་གསར་བསྐྲུན་གནང་བར། འགྲོ་སོང་རྒྱ་གར་སྒོར་མོ་བྱེ་བ་ལྔ་དང་འབུམ་བཞི་བཅུ་ལྷག་བཏང་ཡོད་པའི་ནང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རང་དབང་འཐབ་རྩོད། བོད་ཕྱི་ནང་གི་གནས་སྟངས་དང་ས་བབ་ཁོར་ཡུག་ཆགས་སྟངས། བོད་མིའི་རྣམ་དཔྱོད་ལས་འཕྲོས་པའི་སྒྱུ་རྩལ་དང་རྩོམ་རིག་གི་རྣམ་གྲངས་སོགས། དེང་རབས་ཀྱི་ལམ་སྲོལ་དང་མཐུན་པའི་འགྲེམ་སྟོན་རྒྱ་ཆེ་སྣ་འཛོམས་ཤིག་ཏུ་གྲུབ་ཡོད་པ་དང་། ༧གོང་ས་མཆོག་གི་མཛད་འཕྲིན་གསལ་འཁོད་ཀྱི་པར་དེབ་ཞིག་དང་། ཁོང་གི་ཡང་སྲིད་འཚོལ་ཞིབ་དང་༧གོང་ས་མཆོག་གི་སྐུ་ཚབ་བོད་ཕེབས་པའི་གློག་བརྙན་ཞིག་ཀྱང་མཛད་སྒོ་དེར་དབུ་འབྱེད་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎