མགོ་ལོག་ཕྱོགས་ཀྱི་སློབ་གྲྭ་ཁག་གི་ནང་རྒྱ་བསྒྱུར་སློབ་ཁྲིད་ལག་བསྟར་བྱེད་ཐབས་བྱེད་བཞིན་འདུག

2022.03.08
མགོ་ལོག་ཕྱོགས་ཀྱི་སློབ་གྲྭ་ཁག་གི་ནང་རྒྱ་བསྒྱུར་སློབ་ཁྲིད་ལག་བསྟར་བྱེད་ཐབས་བྱེད་བཞིན་འདུག རྒྱ་ནག་གིས་བོད་ནང་རྒྱ་བསྒྱུར་སློབ་གསོ་དང་འབྲེལ་བའི་ཟུར་ཟའི་རི་མོ།
RFA

འདི་ལོའི་ཕྱི་ཟླ་༢་བའི་ཟླ་མཇུག་དང་ཕྱི་ཟླ་༣་པའི་ཚེས་འགོ་ནས་བཟུང་། རྒྱ་ནག་རྒྱལ་ཡོངས་ནང་སློབ་གྲྭ་ཁག་གི་དགུན་དུས་གུང་སེང་རྫོགས་ནས་སློབ་འགོ་ཚུགས་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྫོང་ཁག་གི་གཞུང་གཉེར་སློབ་གྲྭ་ཚང་མའི་ནང་། བོད་ཡིག་གི་སློབ་ཚན་གཅིག་པུ་ལས་གཞན་པའི་རྩིས་དངོས་རྫས་གསུམ་དང་མཛེས་རྩལ། ཨང་རྩིས་སོགས་སློབ་ཚན་ཚང་མ་རྒྱ་ཡིག་ནང་བསྒྱུར་ཡོད་པ་མ་ཟད། སློབ་འགོ་ཚུགས་པ་དང་དགེ་རྒན་ཚོར་དེ་འབྲེལ་གྱི་སློབ་ཚན་ཁྲིད་ཐབས་སྐོར་ནས་གསབ་སྦྱོང་རིམ་པར་སྤྲད་ཡོད་སྐོར། འབྲེལ་ཡོད་བོད་ནང་གི་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་གིས། སྤྱིར་སྔ་ལོའི་དབྱར་ཁའི་སློབ་འགོ་ཚུགས་པ་ནས་ཨང་རྩིས་དང་མཛེས་རྩལ་སློབ་ཚན་གཉིས་རྒྱ་ཡིག་ནང་བསྒྱུར་ཡོད་པ་དང་། བོད་རིགས་སློབ་གྲྭ་ཁག་ཚང་མའི་ནང་རྒྱ་སྐད་ཁྲིད་རྒྱུ་ཤུགས་ཆེ་རུ་བཏང་བ་མ་ཟད། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གི་ཆབ་སྲིད་བསམ་བློ་ཟེར་བ་སློབ་གྲྭ་ཁག་ནང་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་། སློབ་འགོ་ཚུགས་སྐབས་བདེ་འཇགས་ངང་སློབ་འགོ་ཚུགས་པ་ཞེས་པ་ཞིག་བཤད་ནས། སློབ་མའི་ཁྱིམ་བདག་ཚོས་བསམ་ཚུལ་རིགས་མི་ཡོང་ཐབས་ལ་དོ་དམ་ནན་པོ་བྱས་ཡོད་པ་མ་ཟད། སློབ་ཚན་རྒྱ་ཡིག་ནང་བསྒྱུར་བཞིན་པའི་གནས་ཚུལ་རིགས་ཧ་ཅང་གསང་བ་བྱས་ཡོད་སྐོར་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
ཡང་འབྲེལ་ཡོད་བོད་མི་གཞན་དེས། དེང་སང་སློབ་གྲྭ་ཁག་གི་སློབ་ཁྲིད་ནི་ཀླད་པ་བཀྲུ་ཐབས་ཁོ་ན་ཞིག་ཏུ་གྱུར་ཡོད་པ་དང་། ལྷ་ས་ལྟ་བུར་མཚོན་ན་སློབ་གྲྭ་ཚང་མའི་སློབ་ཚན་རྒྱ་ཡིག་ནང་ཁྲིད་བཞིན་པ་དང་། ཁོ་བོ་སྒེར་ངོས་ནས་དེ་སྔ་ལྷ་སའི་སློབ་གྲྭ་ཁག་ཅིག་ནང་སློབ་ཕྲུག་ཚོར་སློབ་ཚན་ཚང་མ་རྒྱ་ཡིག་ཡིན་ན་ཡག་པོ་ཡོད་དང་། ཡང་ན་བོད་ཡིག་ཡིན་ན་ཡག་པོ་ཡོད་པའི་སྐད་ཆ་དྲིས་པར་བོད་པའི་སློབ་ཕྲུག་མང་པོ་ཞིག་གིས་བོད་ཡིག་ཡིན་ན་ཡག་པོ་ཡོད་པའི་བསམ་ཚུལ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་༢༠༡༩ལོར་མགོ་ལོག་ཁུལ་དུ་སློབ་ཁྲིད་ཐབས་ལམ་གཉིས་པ་ཞེས་སློབ་ཚན་ཚང་མ་རྒྱ་ཡིག་ལ་སྒྱུར་ཐབས་བྱེད་སྐབས། བོད་པ་མང་པོ་ཞིག་གིས་བསམ་ཚུལ་བཤད་པས་གནས་སྐབས་ཕྱིར་འཐེན་ལྟ་བུ་བྱས་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་སྒྱུར་སློབ་གསོའི་གནས་ཚུལ་ས་ཁུལ་མང་པོ་ཞིག་ཏུ་བྱུང་གི་ཡོད་ཀྱང་། རྒྱ་ནག་གཞུང་ངོས་ནས་དེ་སྔ་ལྟ་བུ་མ་ཡིན་པར་ཧ་ཅང་གསང་ཐབས་བྱེད་བཞིན་ཡོད་པ་དང་། གནད་དོན་དེ་གཙོ་བོ་རྒྱ་ནག་གཞུང་གིས་ད་བར་བོད་ཁུལ་དུ་སློབ་གསོ་འདྲ་མིན་སྤེལ་ཡོད་ན་ཡང་། དེ་དག་ལ་ནུས་པ་གང་ཡང་མ་ཐོན་སྟབས་སློབ་ཕྲུག་ཚོར་ལོ་ཆུང་སྐབས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་བསམ་སྤྱོད་ཡོང་ཐབས་སུ། ཆུང་དུས་ནས་རྒྱ་སྒྱུར་སློབ་གསོའི་སྤྲོད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
སྤྱི་ལོ་༢༠༡༠་ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱ་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་ཐབས་ལམ་རིགས་གཉིས་པ་ལག་བསྟར་བྱ་རྒྱུའི་སྲིད་ཇུས་ཤིག་བཏོན་པས་རེབ་གོང་དང་། ཆབ་ཆ་སོགས་སུ་སློབ་ཕྲུག་སྟོང་ཕྲག་མང་པོས་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་ཞེས་འབོད་ཚིག་བཀོད་པའི་འཕྲེད་དར་འཕྱར་ནས་རྒྱ་གཞུང་གི་སྲིད་ཇུས་དེར་ངོ་རྒོལ་བྱས་ཡོད་པ་རེད།
ཕྱི་ལོ་༡༩༩༣་ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་བའི་མི་དམངས་འཐུས་ཚོགས་ཐེངས་བཞི་བའི་ཐོག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག་ཅེས་པའི་ལེའུ་༧་དང་དོན་ཚན་༤༣་ཡོད་པའི་སྲོལ་ཡིག་གཏན་འབེབ་བྱུང་ཡོད་པ་དང་། སྲོལ་ཡིག་དེའི་ལེའུ་བཞི་པ་བོད་ཀྱི་སྐད་ཡིག་སློབ་སྦྱོང་ཞེས་པའི་དོན་ཚན་༡༡པ་དང་༡༢་པའི་ནང་དུ། རང་སྐྱོང་ཁུལ་ཁོངས་ཀྱི་བོད་ཡིག་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་དང་སློབ་ཁྲིད་སྐད་རིགས་ལ་བོད་ཀྱི་སྐད་དང་ཡི་གེ་གཙོ་བོ་བྱ་རྒྱུ་དང་། དེ་བཞིན་བོད་རིགས་ས་ཁུལ་གྱི་རྒྱ་རིགས་དང་མི་རིགས་གཞན་པའི་ལས་བྱེད་པ་དང་ལས་བཟོ་པར་བོད་ཀྱི་སྐད་ཡིག་སློབ་པའི་གསོ་སྦྱོང་སྤྲད་དེ། བོད་ཀྱི་སྐད་ཡིག་བཀོལ་ནས་འགན་ལས་ལག་བསྟར་བྱེད་དགོས་ཡིན་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎