མ་འོངས་མདུན་ལམ་དང་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་འཕགས་བོད་གཉིས་ཀྱི་ན་གཞོན་འདུ་འཛོམས།

2023.09.11
མ་འོངས་མདུན་ལམ་དང་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་འཕགས་བོད་གཉིས་ཀྱི་ན་གཞོན་འདུ་འཛོམས། རྒྱ་གར་ལྷོ་ཕྱོགས་བྷ་རཏ་མཱ་ཏ་མཐོ་སློབ་ཁང་དུ་མ་འོངས་མདུན་ལམ་དང་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་འཕགས་བོད་གཉིས་ཀྱི་ན་གཞོན་ཉིས་བརྒྱ་ལྷག་འདུ་འཛོམས་སྐབས། ༠༩།༡༡།༢༠༢༣
པདྨ་དངོས་གྲུབ།/RFA

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ཉིན་༡༡ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་ཀྱི་ཉེ་འགྲམ་(Koppa)་ས་གནས་སུ་ཡོད་པའི་རྒྱ་གར་གྱི་བྷ་རཏ་མཱ་ཏ་(Bharath Matha Degree College)་མཐོ་སློབ་ཁང་གི་ནང་། མེའི་སོར་དུ་རྟེན་གཞི་བྱས་པའི་གཞན་ཕན་ཐེབས་རྩ་ཚོགས་པ་དང་རྒྱ་གར་གྱི་མཐོ་སློབ་ཁང་དེ་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག་འཕགས་བོད་གཉིས་ཀྱི་ས་གནས་ཀྱི་སློབ་གྲྭ་ཁག་བརྒྱད་ཀྱི་སློབ་ཕྲུག་༢༠༠་ཙམ་ཞིག་འདུ་འཛོམས་ཀྱིས། སློབ་ཕྲུག་ཕན་ཚུན་བར་འབྲེལ་ལམ་འཇོག་རྒྱུ་དང་མིའི་སྤྱི་ཚོགས་ནང་དགོས་མཁོ་ཆེ་བའི་མདུན་ལམ་དང་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་འབྲེལ་ཡོད་མཁས་བ་རྣམས་པས་གསུང་བཤད་གནང་བའི་འདུ་འཛོམས་ཞིག་གནང་ཡོད་པ་རེད།
དེའི་སྐོར་གཞན་ཕན་ཐེབས་རྩ་ཚོགས་པའི་འགན་འཛིན་སེར་བྱེས་རྒན་བསོད་ནམས་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འདུ་འཛོམས་དེའི་ཐོག་ཚོང་དང་རྩིས་དེ་བཞིན་ཉམས་ཞིབ་དང་བཟང་སྤྱོད། གཞན་ཡང་མདུན་ལམ་དང་འཕགས་བོད་འབྲེལ་བའི་གནས་སྟངས་བཅས་ཀྱི་སྐོར་འཕགས་བོད་གཉིས་ཀྱི་འབྲེལ་ཡོད་མཁས་བ་མགྲོན་འབོད་ཀྱིས་གསུང་བཤད་གནང་བ་དང་། དེར་སྦེང་ལོར་གནས་བཞུགས་བོད་རིགས་ཚོང་པ་བདེ་སྐྱིད་དབྱངས་འཛོམས་ཅཝ་ལ་ལགས་ནས་སློབ་ཕྲུག་རྣམས་ལ་ཚོང་དང་ལས་རིགས་འདྲ་མིན་གྱི་གོ་སྐབས་འཛིན་སྟངས་སྐོར་ངོ་སྤྲོད་དང་། སློབ་ཕྲུག་སོ་སོའི་དམིགས་ཡུལ་གཞིར་བཟུང་གིས་དམིགས་ཡུལ་དེ་མངོན་འགྱུར་ཐུབ་ཐབས་སུ་འབད་བརྩོནདགོས་པ་དང་། ལྷག་པར་དུ་ཤེས་ཡོན་དང་འབྲེལ་བརྙན་དེབ་ལྟ་ཀློག་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་ལམ་སྟོན་གནང་ཡོད་པ་རེད།

Bharath Matha (1).png
ཡང་འདུ་འཛོམས་དེའི་ཐོག་མེའི་སོར་གྲོང་ཁྱེར་དུ་གནས་བཞུགས་རྒྱ་གར་གྱི་དམག་དཔོན་ཟུར་པ་(Lt col Satish)་ལགས་ཀྱིས་གསུང་བཤད་གནང་བའི་ནང་། བོད་དེ་རྒྱ་དཀར་ནག་གཉིས་ཀྱི་བར་གནས་རྒྱལ་ཁབ་ཞིག་ཡིན་པ་དང་། བོད་དེ་རྒྱ་གར་དང་ཆོས་དང་རིག་གཞུང་སོགས་ཀྱི་གལ་ཆེ་འབྲེལ་ལམ་ཟབ་པོ་ཡོད་པ་དེ་ད་བར་གནས་ཡོད་པ་སོགས་འཕགས་བོད་གཉིས་ཀྱི་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད་པ་རེད་། སྐབས་དེར་འདུ་འཛོམས་ནང་མཉམ་ཞུགས་གནང་བའི་སློབ་ཕྲུག་རྣམས་ལ་ཉམས་མྱོང་འདྲ་མིན་བྱུང་བའི་ནང་ནས་རྒྱ་གར་ས་གནས་ན་ལེཎྜ་མཐོ་སློབ་ཀྱི་སློབ་མ་ཨ་ལོག་ལགས་ཀྱིས། ང་ཚོ་ཚོགས་འདུ་འདིའི་ནང་ཚོང་དང་རྩིས། དེ་བཞིན་མི་ཚེའི་མདུན་ལམ་དང་བཟང་སྤྱོད་བཅས་དང་། ང་ཚོའི་མི་ཚེའི་ནང་དགོས་མཁོ་ཆེ་བའི་གནད་དོན་ཁག་གི་ཐོག་བློ་སྐྱེད་དུ་མ་ཞིག་རག་ཏེ་ཕན་ཐོག་ཆེན་པོ་བྱུང་ཞེས་བརྗོད་བྱུང་། དེ་མཚུངས་བྷ་རཏ་མཱ་ཏ་མཐོ་སློབ་ཁང་གི་སློབ་སྤྱི་ཕ་དྷར་ཨ་བྷིན་ལགས་ཀྱི་གསུང་རྒྱུར། ན་གཞོན་ཚོ་ནི་མ་འོངས་རྒྱལ་ཁབ་འཛུགས་བསྐྲུན་བྱེད་མཁན་ཞིག་ཡིན་དུས། ད་རེས་འཕགས་བོད་གཉིས་ཀྱི་སློབ་ཕྲུག་འདུ་འཛོམས་ཀྱིས་ཕན་ཚུན་དོ་སྣང་དང་བསམ་ཚུལ་བརྗེ་ལེན་གྱིས་མ་འོངས་ཕན་ཚུན་མཉམ་ལས་དང་། ཞི་བདེ་མཉམ་གནས་ཀྱི་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་རེ་བ་བཅིངས་པ་ཞིག་ཡིན་ཞེས་གསུང་གནང་བྱུང་།
ད་རེས་འཕགས་བོད་གཉིས་ཀྱི་ན་གཞོན་འདུ་འཛོམས་གནང་བ་འདི་ནི་འདུ་འཛོམས་ཆེ་ཤོས་ཤིག་ཡིན་པ་བསོད་ནམས་ཕུན་ཚོགས་ལགས་ཀྱིས་གསུངས་བྱུང་ལ། དེ་མ་འོངས་པར་མི་རིགས་གཉིས་ཀྱི་ན་གཞོན་ཚོའི་བར་ཤེས་ཡོན་གྱི་ཐོག་ནས་མུ་མཐུད་དུ་འབྲེལ་ལམ་འཇོག་རྒྱུའི་རེ་བ་དང་འཆར་གཞི་ཡོད་པའི་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎