བོད་རིགས་ན་གཞོན་འདུ་འཛོམས་ཐེངས་དང་པོ་རྡ་རམ་ས་ལར་སྐོང་འཚོགས་གནང་བཞིན་འདུག

2024.07.01
བོད་རིགས་ན་གཞོན་འདུ་འཛོམས་ཐེངས་དང་པོ་རྡ་རམ་ས་ལར་སྐོང་འཚོགས་གནང་བཞིན་འདུག བོད་རིགས་ན་གཞོན་འདུ་འཛོམས་ཐེངས་དང་པོ་རྡ་རམ་ས་ལར་སྐོང་འཚོགས་གནང་བཞིན་པའི་སྐབས། ༠༧།༠༡།༢༠༢༤
བསྟན་འཛིན་ལེགས་སྨོན། RFA/Dhasa

བོད་རིགས་ན་གཞོན་འདུ་འཛོམས་ཞིག་རྒྱ་གར་ནང་གི་ཨ་མི་རི་ཀའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གིས་གོ་སྒྲིག་གནང་སྟེ། རྡ་རམ་ས་ལར་སྤྱི་ཟླ་༦པའི་ཚེས་༣༠ནས་སྤྱི་ཟླ་༧པའི་ཚེས་༦བར་གནང་བཞིན་པའི་དབུ་འབྱེད་མཛད་སྒོར་སྤྱི་ཚེས་༡ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཆེད་ཕེབས་ཀྱིས། བོད་རིགས་གཞོན་སྐྱེས་ཚོས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཅི་མང་ལ་ལོ་ཆུང་གི་སྐབས་ནས་རྒྱུས་ལོན་གནང་ཐུབ་ན། སོ་སོའི་མི་ཚེ་སྐྱེལ་བ་དང་བོད་ཀྱི་རྩ་དོན་ལའང་ཕན་ཐོགས་འབྱུང་གི་རེད་ཅེས་གསལ་སྟོན་གནང་སོང་།
བོད་རིགས་ན་གཞོན་གྱི་འདུ་འཛོམས་དེར་བོད་མིའི་སྒྲིག་འཛུགས་དང་གཞོན་སྐྱེས་ཚོའི་བར་འབྲེལ་ལམ་ཇེ་ཉེར་གཏོང་བའི་ཆེད། འབྲེལ་ཡོད་ཁག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཏན་འབེབས་དང་ལག་བསྟར་གྱི་ཕན་འབྲས་སོགས་ངོ་སྤྲོད་གནང་རྒྱུ་མ་ཟད། བོད་མིའི་ངོ་བོ་དང་གཞོན་སྐྱེས་ཚོས་མང་གཙོའི་སྤྱི་ཚོགས་སུ་ཆ་ཤས་ལེན་སྟངས། གཞོན་སྐྱེས་ཚོའི་དབར་འབྲེལ་མཐུད་མཉམ་རུབ་སོགས་ཀྱི་སྐོར་ཀྱང་ཟབ་སྦྱོང་ཕུལ་གྱི་ཡོད་པ། རྡ་རམ་ས་ལ་ས་གནས་ཀྱི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཀྱི་ལས་འཆར་འགན་འཛིན་ཀརྨ་ཕུན་ཚོགས་ལགས་ནས་འགྲེལ་བརྗོད་གནང་གི་འདུག

NDI Tibetan Youth Conference (1).JPG
ཚོགས་ཞུགས་པ་ལྡི་ལི་མཐོ་སློབ་ནས་ཡིན་པ་བསྟན་འཛིན་ཡར་འཕེལ་ལགས་ནས། བོད་རིགས་ན་གཞོན་གྱི་འདུ་འཛོམས་འདི་ཐེངས་མ་དང་པོ་དང་། གཞོན་སྐྱེས་ཚོར་འདུ་འཛོམས་འདིས་དམིགས་བསལ་ཆབ་སྲིད་ཀྱི་གོ་རྟོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་སོགས་ཤེས་རྒྱུར་གལ་འགངས་ཆེན་པོ་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ལ་དྭགས་ས་གནས་ཀྱི་ཤ་ཚ་ཚོགས་པའི་ཟླ་སྒྲོན་ལགས་ནས་ཀྱང་། བོད་མིའི་སྒྲིག་འཛུགས་དང་གཞོན་སྐྱེས་ཀྱི་བར་སྟོང་ཆ་གང་མཚམས་ཤིག་ཡོད་པར་མཐོང་གི་ཡོད་པས། འདུ་འཛོམས་འདི་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་དང་གཞོན་སྐྱེས་ཀྱི་བར་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་ཞིག་ཆགས་ཐུབ་པའི་རེ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བོད་རིགས་ན་གཞོན་གྱི་འདུ་འཛོམས་འདིར་རྒྱ་གར་དང་བལ་བོའི་ནང་གི་ཚོགས་པ་ཁག་༢༤ནས་བོད་རིགས་གཞོན་སྐྱེས་༣༠ལྷག་ཆེད་དུ་བཅར་ཡོད་པ་དང་། ད་རེའི་འདུ་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཟུར་པ་དང་དྲུང་ཆེ། སྤྱི་འཐུས་བཅས་གནད་ཡོད་མི་སྣ་ཁག་ཕེབས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་སྲིད་བྱུས་སྣ་ཚོགས། མང་གཙོའི་ལམ་ལུགས་དང་གཞོན་སྐྱེས་ཀྱི་དཀའ་ངལ་སྣ་མང་། བོད་མི་རིགས་ཀྱི་ངོ་བོ་ངོས་འཛིན་བཅས་ཀྱི་ཐོག་གོ་བསྡུར་གནང་གི་ཡོད་པ་རེད།།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎