༧གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་འབུལ་ལམ་ཞུ་དགོས་པའི་ཞུ་སྐུལ་གནང་བཞིན་འདུག

2022.04.04
༧གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་འབུལ་ལམ་ཞུ་དགོས་པའི་ཞུ་སྐུལ་གནང་བཞིན་འདུག རིན་ཆེན་ལྷ་མོ་ལགས་ཀྱིས་ལྷོ་ཕྱོགས་སུ་འཚམས་གཟིགས་སྐབས། ༤།༢༠༢༢
པདྨ་དངོས་གྲུབ། /RFA

དེ་ཡང་རྒྱ་གར་གྱི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ལགས་ཀྱིས། དེང་སྐབས་རྒྱ་གར་ལྷོ་ཕྱོགས་སུ་ས་གནས་ཀྱི་གནས་སྟངས་རྒྱུས་ལོན་ཆེད་གཟིགས་སྐོར་གནང་བཞིན་པ་དང་། འདི་ཚེས་༤ཉིན་སྦེ་ལ་ཀོ་པི་གཞིས་ཁུངས་སུ་འཚམས་གཟིགས་ཕེབས་སྐབས་འདི་གའི་གསར་འགོད་པའི་བཅའ་འདྲི་དྭང་ལན་གནང་ནས་གསུངས་པར། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི། བོད་དང་རྒྱ་གར། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཙམ་མིན་པར་འཛམ་གླིང་སྤྱིའི་ཆིག་སྒྲིལ་དང་ཞི་བདེའི་ལམ་སྟོན་པ་ཞིག་ཡིན་ཐོག སྐུ་ཚེ་ཧྲིལ་པོའི་རིང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཕྱུག་པོ་ཡོད་པ་ལས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་ཆོས་བསྐྱར་གསོ་ཡོང་ཐབས་ཀྱི་མཛད་རྗེས་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པས་༧གོང་ས་མཆོག་ལ་རྒྱ་གར་གཞུང་གི་ངོས་ནས་(Bharat Ratna)་གཟེངས་རྟགས་འབུལ་ལམ་ཞུ་དགོས་བ་དང་ཞུ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་བྱུང་།
ད་དུང་ཁོང་རང་ཉིད་ནང་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས་མགོན་པོ་གང་ཉིད་ལ་རྒྱ་གར་གྱི་གཟེགས་རྟགས་དེ་ཕུལ་རྒྱུར་གནད་འགག་ཆེན་པོ་ཡིན་པའི་དགོངས་ཚུལ་ཡོད་པ་དང་། དེ་བཞིན་རྒྱ་གར་ནང་ཡོད་པའི་བོད་བརྒྱུད་ནང་པའི་དགོན་སྡེ་ཁག་གི་ནང་། རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་རིག་གཞུང་དང་འབྲེལ་བའི་ཚད་མཐོའི་ཤེས་ཡོན་སློབ་སྦྱོང་གནང་བཞིན་ཡོད་པའི་བསྟི་གནས་དེ་དག་ལ་རྒྱ་གར་གཞུང་ནས་རྒྱ་གར་གྱི་མཐོ་སློབ་གཞན་དང་མཚུངས་པའི་ངོས་འཛིན་དང་ལག་འཁྱེར་རག་ཐབས་འབད་བརྩོན་གནང་རྒྱུ། བྷོ་ཌི་འམ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་རིགས་ཚོས་བེད་སྤྱོད་གནང་བཞིན་པའི་བོད་ཀྱི་སྐད་ཡིག་རྒྱ་གར་གྱི་རྩ་ཁྲིམས་ལེའུ་བརྒྱད་པའི་ནང་ཚུད་ཐབས་སུ་འབད་བརྩོན་གནང་རྒྱུ། ཕྱོགས་མཚུངས་ལ་དྭགས་ཁུལ་དུ་སྐད་ཡིག་དེ་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་ཚུད་ཐབས་སུ་འབད་བརྩོན་གནང་རྒྱུ་ཡིན་པ་སོགས་གསུང་གནང་བྱུང་།
དེའི་སྔོན་སྤྱི་ཟླ་༣པའི་ཚེས་༣༡ཉིན་ལྕམ་རིན་ཆེན་ལྷ་མོ་ལགས་ཀྱིས། རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ལོ་འཁོར་ལས་བསྡོམས་ཀྱི་ནང་ཚུད་དགོས་པའི་དོན་གནད་ཁག་ལ་རྒྱབ་གཉེར་གྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གཙོ་བོ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འོས་བབས་ཆེ་བའི་རྒྱ་གར་གྱི་སྤྱི་དམངས་ཚད་མཐོའི་གཟེངས་རྟགས་བྷ་རཏ་རཏྣ་(Bharat Ratna)་ཕུལ་དགོས་པ་དང་། བྷོ་ཌའི་སྐད་ཡིག་དེ་རྒྱ་གར་རྩ་ཁྲིམས་ལེའུ་བརྒྱད་པའི་ནང་ཚུད་དགོས་པ། ལ་དྭགས་ཁུལ་གྱི་སློབ་གྲྭ་ཁག་གི་ནང་བྷོ་ཌི་སྐད་ཡིག་ངོ་སྤྲོད་ཀྱི་བསླབ་གཞི་ནང་ཚུད་དགོས་པ། དེ་འབྲེལ་གྱི་དགེ་རྒན་ས་དམིགས་བཟོ་དགོས་པ་སོགས་ལ་དྭགས་ཁུལ་གྱི་མི་མང་སྤྱི་དང་། ལྷག་པར་གྲངས་ཉུང་མི་རིགས་ཚོའི་བདེ་སྡུག་གནས་སྟངས་དང་འབྲེལ་བའི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་སོགས་ཀྱི་ཆེད་དོན་གནད་ཁག་བརྒྱད་འཁོད་པའི་གསལ་བསྒྲགས་སྤེལ་གནང་འདུག
དེ་སྔ་ཕྱི་ལོ་༢༠༢༠ལོར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་དང་། རྒྱ་གར་གྱི་(BJP)་ཆབ་སྲིད་ཚོགས་པའི་དབུ་ཁྲིད་རྒན་གྲས། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་གཙོས། ལ་དྭགས་ནང་པ་ཚོགས་པ་དང་དགོན་སྡེ་ཁག་བཅས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་ཆེས་མཐོའི་གཟེངས་རྟགས་(Bharat Ratna)་ འབུལ་ལམ་ཞུ་དགོས་པ་རྒྱ་གར་གཞུང་ལ་ཞུ་སྐུལ་གནང་མྱོང་ཡོད་པ་རེད།

གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎