བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་ཚང་མས་ནུས་པ་མཉམ་འདོན་བྱེད་རྒྱུ་གལ་ཆེ་བ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་གསུང་འདུག

དེ་ཡང་འདི་ཚེས་༢༠ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་(Le Bernardin Prive)་གསོལ་སྟོན་ཁང་དུ། བོད་ཀྱི་ཐེབས་རྩ་ཁང་བརྒྱུད་ནས་བོད་མིའི་བདེ་དོན་ཆེད་རོགས་པ་བྱེད་མཁན་ཚོར་གསོལ་སྟོན་ཐེངས་༡༢པ་བསྐོང་ཚོགས་གནང་ཡོད་པ་དང་། གསོལ་སྟོན་གྱི་འདུ་འཛོམས་ཐོག་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་(Uzra Zeya)་ལགས་སྐུ་མགྲོན་གྱི་གཙོ་བོར་ཕེབས་ཡོད་པ་དང་། དེ་བཞིན་བོད་ཀྱི་ཐེབས་རྩར་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྣ་བརྒྱ་ཙམ་འཛོམས་འདུག
གསོལ་སྟོན་ཐོག་སྐུ་མགྲོན་གཙོ་བོ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་(Uzra Zeya)་ལགས་ཀྱིས། རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་ཚོགས་སྡེ་ཁག་གི་ནུས་པ་འགོག་ཐབས་བརྒྱུད་སྤེལ་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གིས་བོད་པའི་བྱིས་པ་ལོ་བཞི་ཙམ་ལོན་པ་ཚོ་ཡང་རྒྱ་ཡིག་སློབ་བཅུག་ནས། བོད་ཡིག་སློབ་རྒྱུ་བཀག་འགོག་བྱེད་བཞིན་པ། བོད་མི་གྲངས་༢༠༠༠ལྷག་ཙམ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གླེང་བ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ། དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་ནང་བའི་བླ་སྤྲུལ་ངོས་འཛིན་ལམ་སྲོལ་ལ་ཡང་ཐེ་གཏོགས་བྱས་ནས་། ༧གོང་ས་མཆོག་གི་མ་འོངས་བའི་སྐུའི་ཡང་སྲིད་ཐད་ལ་ཡང་ཐེ་གཏོགས་བྱེད་འཆར་ཡོད་པའི་གནས་སྟངས་ཉག་ཕྲ་བའི་དུས་སྐབས་འདིར་ང་ཚོ་འདིར་འདུ་འཛོམས་བྱས་ཡོད། ཨ་རིའི་གཞུང་གི་ངོས་ནས་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་ཆེད་བོད་མིའི་སྒྲིག་འཛུགས་ཡར་རྒྱས་ཡོང་ཐབས་དང་། རྒྱ་གར་དང་བལ་ཡུལ་གཉིས་ཀའི་ནང་གི་བོད་མི་སྐྱབས་བཅོལ་བ་གཞོན་སྐྱེས་ཚོ་ལ་ཤེས་ཡོན་སློབ་སློབ་གསོ་དང་། འཕྲོད་བསྟེན། དཔལ་འབྱོར་འཚོལ་བསྒྲུབ་ཀྱི་གོ་སྐབས་བསྐྲུན་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་བ་སྲུང་སྐྱོབ་ཐད་ལ་རོགས་པ་བྱེད་བཞིན་པ་ལྟར། དཀའ་ངལ་ག་ཚོས་ལ་གདོང་ལེན་བྱེད་དགོས་ཀྱང་ང་ཚོས་མཉམ་རུབ་ཀྱིས་རོགས་སྐྱོར་བྱས་ན། འགྱུར་བ་ཞིག་གཏོང་ཐུབ་ཀྱི་རེད། དེ་བས་ཚང་མས་ནུས་པ་མཉམ་འདོན་བྱེད་རྒྱུ་གལ་ཆེན་ཡིན་ཅེས་དང་། ཡང་ཁོང་མོའི་ལས་ཁུངས་ནང་དུ་། ༧གོང་ས་མཆོག་གིས་བསྩལ་གནང་བའི་བོད་ཀྱི་ཐང་ཀ་ཞིག་ཡོད་པ་མཐོང་ཐེངས་རེར་བོད་དོན་ཐོག་ལ་དམིགས་བསལ་གྱི་ལས་ཀ་བྱེད་འདུན་གྱི་བསམ་པ་ཤུགས་ཆེ་རུ་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་ཞིང་། ཁོང་མོ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཡིན་པའི་ཆ་ནས། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་ཀྱི་སྲིད་ཇུས་ཐད་དམིགས་བསལ་གྱི་རྒྱུས་ལོན་བྱེད་བཞིན་པ་ལྟར་། བོད་མིའི་ངོ་བོ་དང་དེའི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། བོད་མི་ཚོ་ལ་རྒྱབ་སྐྱོར་མུ་མཐུད་ནས་བྱེད་དགོས་པའི་སྐོར་བཅས་གསུང་བཤད་གནང་སོང་།
བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས། བོད་ཀྱི་ཐེབས་རྩ་ཁང་བརྒྱུད་ནས་བོད་པར་རོགས་སྐྱོར་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་ཤིང་། རིང་མིན་ཁོང་གིས་བོད་ཀྱི་ཐེབས་རྩའི་འགན་འཛིན་ནས་དགོངས་པ་ཞུས་ཏེ་རྒས་ཡོལ་དུ་ཕེབས་འདུན་ཡོད་པ་བཅས་གསུངས་སོང་ལ། བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ད་རེས་ཀྱི་མཛད་སྒོ་དེ་ནི་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་ཞིག་དང་། གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་བཅས་ལ་ལོ་མང་རིང་སྐུ་ལས་བསྐྱོན་གནང་མཁན་ལ་དམིགས་བསལ་རྗེས་སུ་ཡི་རངས་ཞུ་བ་དང་བྱ་དགའ་ཕུལ་བའི་མཛད་སྒོ་ཞིག་ཡིན་ནའང་། དེ་བཞིན་བོད་ཀྱི་རིག་གཞུང་དང་། ངོ་བོ། ལྷག་པར་བོད་མིའི་གནས་སྟངས་ངོ་སྤྲོད་བྱེད་སའི་གོ་སྐབས་ཞིག་ཀྱང་ཆགས་ཡོད་པ་གསུངས་བྱུང་།
ད་རེས་བོད་ཀྱི་ཐེབས་རྩའི་གསོལ་སྟོན་དེའི་ཐོག་བོད་ཀྱི་ཤེས་ཡོན་སློབ་གསོ་ཐད་ཕྱག་ལས་རླབས་ཆེན་གནང་མཁན་ཨ་མ་རྗེ་བཙུན་པད་མ་ལགས་དང་། དེ་བཞིན་བོད་ཀྱི་ཐེབས་རྩ་ཁང་ལ་ཡུན་རིང་རྒྱབ་སྐྱོར་བྱེད་མཁན་(Olivia Hansen) (Richard Wiengarten)་བཅས་ལ་གཟེངས་རྟགས་ཤིག་ཀྱང་ཕུལ་གནང་སོང་།
གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།