བོད་ནང་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་ཚོ་ཡོང་རྒྱུ་བཀག་འགོག

ཕྱིའི་རྒྱལ་ཁབ་ཁག་གི་ཡུལ་བསྐོར་སྤྲོ་འཆམ་པ་ཚོ་བོད་ནང་ཡོང་རྒྱུ་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སྲིད་གཞུང་གིས་བཀག་འགོག་བྱ་རྒྱུ་ཡིན་པ་རེད།

2009.02.21

༄༅༎ཧོང་ཀོང་ནས་རྒྱ་ནག་ལྷོ་ཕྱོགས་ཀྱི་སྔ་དྲོའི་ཕོ་ཉ་ཞེས་པའི་ཉིན་རེའི་གསར་ཤོག་གིས་ཁ་ས་འགྲེམས་སྤེལ་བྱས་པའི་གནས་ཚུལ་ལྟར་ན་ཟླ་བ་འདིའི་ཟླ་མཇུག་དང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་སྔོན་ལ་ཐའེ་ལྦན་གྱི་རྒྱ་མི་ཐེ་བའི་ཕྱིའི་རྒྱལ་ཁབ་ཁག་གི་ཡུལ་བསྐོར་སྤྲོ་འཆམ་པ་ཚོ་བོད་ནང་ཡོང་རྒྱུ་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སྲིད་གཞུང་གིས་ཡིག་ཐོག་ནས་མ་ཡིན་པར་ངག་ཐོག་ནས་བཀག་འགོག་བྱ་རྒྱུ་ཡིན་པ་རེད།

དེ་ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་ཡུལ་བསྐོར་སྤྲོ་འཆམ་ཚན་པའི་བུད་མེད་ཅིག་གིས་རྒྱ་ནག་ལྷོ་ཕྱོགས་ཀྱི་སྔ་དྲོའི་ཕོ་ཉ་ཞེས་པའི་ཧོང་ཀོང་གི་ཉིན་རེའི་གསར་ཤོག་དེར་བརྗོད་དོན་ལྟར་ན་ས་གནས་སྲིད་གཞུང་གིས་ཟླ་བ་འདིའི་ཚེས་ཉི་ཤུ་བརྒྱད་བར་དུ་ཡུལ་བསྐོར་སྤྲོ་འཆམ་ཁེ་ལས་ཚན་པས་བོད་ནང་ཕྱི་རྒྱལ་ནས་ཡུལ་བསྐོར་སྤྲོ་འཆམ་པ་སོགས་ལེན་རྒྱུ་མཚམས་འཇོག་བྱ་དགོས་ཞེས་དང་ད་ལྟ་སྐབས་སུ་བབས་པར་བོད་ནང་ཡོད་པའི་ཐའེ་ལྦན་གྱི་རྒྱ་མི་ཚོ་ཐེ་བའི་ཕྱིའི་རྒྱལ་ཁབ་ཁག་ནས་འབྱོར་བའི་མགྲོན་པོ་ཚང་མ་ཟླ་བ་འདིའི་ཚེས་ཉི་ཤུ་བརྒྱད་ནང་ཚུད་ལ་བོད་ནས་ཕྱིར་ཐོན་བྱ་དགོས་ཞེས་ཡིག་ཐོག་ནས་བཀོད་ཁྱབ་གཏོང་རྒྱུའི་ཚབ་ཏུ་ངག་ཐོག་ནས་བཀོད་ཁྱབ་བཏང་ཡོད་པ་རེད། ཡིན་ནའང་འཚོ་རྣོར་ཆེ་བའི་བོད་ནང་གི་དུས་སྐབས་འདིའི་སྐབས་སུའང་ཧོང་ཀོང་ནང་གི་རྒྱ་མི་ཚོ་བོད་ནང་བལྟ་བསྐོར་ལ་ཡོང་རྒྱུར་དགའ་བསུ་ཡོད་ཅེས་ཡུལ་བསྐོར་སྤྲོ་འཆམ་ཚན་པའི་བུད་མེད་དེ་ཡིས་བརྗོད་ཡོད་པ་རེད། བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་ཡུལ་བསྐོར་སྤྲོ་འཆམ་ཚན་པས་བཤད་པ་ནང་བཞིན་ལྷ་སའི་ཁུལ་གྱི་ཡུལ་བསྐོར་སྤྲོ་འཆམ་གནས་བཤན་པ་ཞིག་གིས་ཀྱང་བོད་ནང་བལྟ་བསྐོར་ལ་ཡོང་འདོད་ཆེ་བའི་ཕྱི་རྒྱལ་བ་ཚོ་ཟླ་བ་འདི་མ་རྫོགས་སྔོན་དང་ཡང་ན་ཕྱི་ཟླ་གསུམ་པའི་རྗེས་སུ་བོད་ནང་ཡོང་ན་ཡག་གི་རེད་ཅེས་བཤད་ཡོད་པ་རེད། གནས་བཤན་པ་དེ་ཡིས་རྒྱུ་མཚན་གསལ་བཤད་མ་བྱས་ཀྱང་རྒྱ་ནག་བཙན་འཛུལ་མཁན་ལ་ཕྱི་ལོ་ལྔ་དགུ་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོས་ངོ་རྒོལ་སྒེར་ལངས་བྱས་ཏེ་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བ་དང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལ་མུ་མཐུད་འཛིན་པའི་ཆབ་སྲིད་ཐད་ལ་ན་ནིང་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ནང་གི་རྒྱ་ཆེའི་མི་མང་ཚོས་ཞི་བའི་ལམ་ནས་ངོ་རྒོལ་བྱས་ཏེ་ལོ་གཅིག་འཁོར་བའི་དུས་དྲན་ཆེན་པོ་གཉིས་མཉམ་དུ་འཁེལ་བའི་དུས་ཚིགས་ཁྱད་པར་ཅན་དེར་ཐུག་སྟེ་བོད་ནང་གནས་སྐབས་རིང་ཕྱིའི་རྒྱལ་ཁབ་ཁག་གི་བལྟ་བསྐོར་བ་ཚོ་བཀག་འགོག་བྱ་རྒྱུའི་སྲིད་བྱུས་དེ་གཞུང་འབྲེལ་སྲིད་བྱུས་མིན་པའི་རྣམ་པ་མཚོན་ཐབས་བྱས་པ་ཞིག་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎