བཙན་བྱོལ་བོད་གཞུང་ནས་རྒྱ་ནག་གི་སྐྱོན་བརྗོད་ལ་ལན་འདེབས།
2010.02.02
༄༅༎བཙན་བྱོལ་བོད་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་རྒྱུར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཞུས་པའི་ཐོག་ཁས་ལེན་མེད་པའི་རྣམ་འགྱུར་བཏོན་གནང་ཡོད་པ་རེད་ བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུངས་ན་ ང་ཚོའི་ལྟ་ཚུལ་དུ་ཨ་རི་གཞུང་གིས་དྲང་བདེན་ལྷག་བསམ་གྱི་སྒོ་ནས་༸གོང་ས་ཏ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་གྲོས་་མོལ་ཡོང་སླད་ནུས་པ་འདོན་གནང་གི་ཡོད་པར་ངོས་འཛིན་ཞུ་གི་ཡོད་པས་ དེར་བརྟེན་ཨ་རིའི་སྲིད་འཛིན་ཨོ་སྦ་མ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་རྣམ་གཉིས་མཇལ་འཕྲད་གནང་རྒྱུར་ནོར་འཁྲུལ་ཡོད་པ་ཞིག་མཐོང་གི་མེད་ཅེས་དང་ཨ་རི་གཞུང་གིས་ད་བར་དུ་༸གོང་ས་མཆོག་གི་དགོངས་གཞི་སྟེ་བོད་ཀྱི་གནད་དོན་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་ནས་སེལ་རྒྱུར་རྒྱབ་སྐྱོར་གནང་གི་ཡོད་སྟབས་ སྲིད་འཛིན་མཆོག་དང་༸གོང་ས་མཆོག་མཇའ་འཕྲད་དེས་ཨ་རི་དང་རྒྱ་ནག་གི་སྲིད་དོན་གྱི་འབྲེལ་བར་གནོད་སྐྱོན་གཏོང་བ་ཞིག་མཐོང་གི་མེད་ཅེས་གསལ་སྟོན་གནང་འདུག བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱི་གོང་ཞུས་བཀའ་མོལ་དེ་བཞིན་ དེ་རིང་རྒྱ་ནག་ཐབས་ཕྱོགས་གཅིག་འགྱུར་ལས་ཁང་གི་དཔོན་རིགས་ཀྲུའུ་འོད་ཇུན་གྱིས་ ༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་རིང་མིན་མཇལ་འཕྲད་གནང་རྒྱུའི་ཡིན་པའི་ཐོག་སྐྱོན་བརྗོད་ཀྱི་གཏམ་བཤད་སྤེལ་བར་ལན་འདེབས་གནང་བ་ཞིག་ཡིན་འདུག