ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ནང་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ཉེན་ཚབས་སྐོར་ཞུ་གཏུག་གནང་བཞིན་འདུག

དེ་ཡང་ཡོ་རོབ་མཐུན་ཚོགས་ཀྱི་ལྟེ་གནས་(Belgium)་གྱི་རྒྱལ་ས་(Brussels)་ ནང་ཡོད་པའི་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ཡོ་རོབ་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་མཉམ་དུ་འདི་ཚེས་༢༦ཉིན་ནས། ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ནང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ཀྱི་ཉེན་ཚབས་སྐོར་ཞུ་གཏུག་གནང་བཞིན་པ་དང་། དེར་རྒྱ་ནག་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭའི་སྲིད་ཇུས་དང་སློབ་གྲྭའི་ནང་སློབ་ཁྲིད་བྱེད་སྟངས་སོགས་ཀྱི་ཐོག་དངོས་སུ་རྒྱུས་མངའ་ཡོད་པའི་སྤྱི་ཚོགས་རིག་པའི་འབུམ་རམས་པ་རྒྱལ་ལོ་ལགས་དངོས་སུ་གདན་ཞུས་ཀྱིས་མཉམ་བཅར་གྱིས་སྦེལ་ཇམ་ནས་ཞུ་གཏུག་ལས་འགུལ་འགོ་འཛུགས་གནང་ཡོད་པ་རེད། རིམ་པས་(Netherland)་དང་(Italy)་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ནང་ཕྱི་ཟླ་༧་ཚེས་༦་བར་ཞུ་གཏུག་གནང་འཆར་ཡོད་འདུག
ཡོ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་བཀྲས་མཐོང་དབང་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་འབུམ་རམས་པ་རྒན་རྒྱལ་ལོ་ལགས་དངོས་སུ་ཕེབས་ནས་སྦེལ་ཇམ་ནང་ས་གནས་གཞུང་གི་གྲོས་ཚོགས་འཐུས་མི་དབུས་པའི་དབུ་ཁྲིད་རྣམ་པ་དང་། གནད་ཡོད་མི་སྣ་ཁག དེ་བཞིན་གསར་འགོད་པ་སོགས་ལ་བོད་ནང་གི་གཏན་འཇགས་སློབ་གྲྭའི་གནས་སྟངས་དང་དེའི་ཉེན་ཚབས་སོགས་ཀྱི་སྐོར་ཞིབ་ཕྲ་ངོ་སྤྲོད་དང་འགྲེལ་བཤད་གནང་བྱུང་ལ། དེ་བཞིན་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྦེལ་ཇམ་གཞུང་གི་མི་སྣ་དང་། ཡོ་རོབ་སྤྱི་མཐུན། ཡོ་རོབ་གྲོས་ཚོགས་འཐུས་མི་བཅས་དང་མཇལ་འཕྲད་སྐབས་རྒྱལ་ལོ་ལགས་ཀྱི་ཞུ་འབོད་ལ་དོ་སྣང་དང་སེམས་འཚབ་ཆེན་པོ་གནང་གི་ཡོད་པ་གསལ་པོ་འདུག རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་གཏན་འཇགས་སློབ་གྲྭ་ཁག་ནང་བོད་ཕྲུག་རྣམས་བཙན་གྱིས་འཇུག་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་རོགས་གནང་ཞེས་དང་། དེ་འབྲེལ་གྱི་གྲོས་ཆོད་གཏན་འབེབས་དང་བསྒྲགས་གཏམ་སྤེལ་རྒྱུའི་ཐད་འབོད་སྐུལ་ཞུས་ཡོད་འདུག
འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཆེད་བཙུགས་བྱས་པའི་གཏན་འཇགས་སློབ་གྲྭ་ཁག་གི་ཉེན་ཚབས་དང་ཕུགས་རྒྱང་རིང་པོའི་དམིགས་ཡུལ་སོགས་ཀྱི་ཐོག་ཁེ་ཎ་ཌ་དང་ཨ་མི་རི་ཀའི་གྲོས་ཚོགས་སོགས་ཀྱི་ནང་ཉན་ཞིབ་ཀྱི་དཔང་པོ་གནང་བ་དང་། སུད་སིའི་གྲོང་ཁྱེར་ཇི་ནི་ཝེའི་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་སོགས་ལ་ཡང་དེ་འབྲེལ་གཏམ་བཤད་གནང་ཡོད་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།