ཡོ་རོབ་མཐུན་ཚོགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་གླེང་སློང་གནང་འདུག

2024.09.26
ཡོ་རོབ་མཐུན་ཚོགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་གླེང་སློང་གནང་འདུག ཡོ་རིབ་ཁུལ་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་ཞིག་གི་སྐབས།
ICT

དེ་ཡང་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༧པ་ཚོགས་བཞིན་པའི་ཐོག་འདི་ཚེས་༢༤ཉིན་ཡོ་རོབ་མཐུན་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་ཐུགས་ཚབས་ཡོད་པ་གསུངས་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ནང་གི་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་ནས་བོད་ཀྱི་བྱིས་པ་རྣམས་བཙན་གྱིས་མི་སེར་སྤེལ་བའི་རིང་ལུགས་ཀྱི་བཅའ་སྡོད་སློབ་གྲྭར་འཇུག་བཞིན་པ་དང་། བཙན་དབང་ཐོག་ནས་བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་ལེན་བྱེད་བཞིན་པ། དེ་བཞིན་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། ཁྲིམས་རྩོད་པ། གསར་འགོད་པ། རྩོམ་པ་པོ། ཤེས་ཡོན་ཅན་སོགས་ལ་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་དང་། བསུན་གཙེར། འཇིགས་སྐུལ། ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་པ་སོགས་གསལ་སྟོན་གནང་བ་དང་སྦྲགས། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་གིས་བོད་མིའི་འགྲོ་བ་མིའི་ཐོང་ཐང་སྲུང་སྐྱོབ་དང་བརྩི་བཀུར་དགོས་པའི་ནན་སྐུལ་འདུག་ལ། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་བོད་མིའི་གཞི་རྩའི་རང་དབང་དང་། རིག་གཞུང་། ངོ་བོ་སྲུང་སྐྱོབ་ཐད་གཟིགས་རྟོག་གནང་རྒྱུ་ཡིན་སྐོར་གསུང་ཞིང་། རྒྱ་ནག་གཞུང་ནས་སློབ་གྲྭ་རིམ་པ་ཆ་ཚང་ནང་བོད་སྐད་དང་རྒྱ་སྐད་གཉིས་ཀ་ལྡན་པའི་ཤེས་ཡོན་མཁོ་སྤྲོད་དགོས་པའི་རེ་སྐུལ་གནང་འདུག
དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་། རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་སོགས་རང་དབང་ལྡན་པའི་ཐོག་ནས་བོད་ནང་བསྐྱོད་བཅུག་དགོས་པའི་སྐུལ་འདེད་དང་། རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར་བོད་མི་ཨ་ཉག་སེང་སྒྲ་ལགས་དང་། བྱ་བྲལ་རིན་པོ་ཆེ། སྒོ་ཤེས་རབ་རྒྱ་མཚོ་ལགས། མགོ་ལོག་དཔལ་ལྡན་ལགས། སེམས་སྐྱིད་སྒྲོལ་མ་ལགས། བཀྲ་ཤིས་རྡོ་རྗེ་ལགས་སོགས་བཙོན་འོག་ཏུ་ཡོད་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་རེ་སྐུལ་གནང་འདུག
འདིའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། ད་རེས་ཡོ་རོབ་མཐུན་ཚོགས་ནས་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མ་འོངས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་ཡོད་འདུག

ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་བསྒྲགས་གཏམ་ཆ་ཚང་།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎