ཨ་རི་དང་ཡོ་རོབ་མཐུན་ཚོགས་ཀྱི་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་གླེང་ཡོད་འདུག

2021.06.16
ཨ་རི་དང་ཡོ་རོབ་མཐུན་ཚོགས་ཀྱི་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་གླེང་ཡོད་འདུག ཨ་རི་དང་ཡོ་རོབ་མཐུན་ཚོགས་ཀྱི་ལྷན་ཚོགས་སྐབས། ༦།༡༥།༢༡
AFP

ཡོ་རོབ་མཐུན་ཚོགས་དང་ཨ་མི་རི་ཀ་གཉིས་ཀྱི་ཚོགས་འདུའི་ཡོངས་ཁྱབ་གསལ་བསྒྲགས་ནང་ཕྱོགས་གཉིས་ཀས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་བློ་ཚབས་ཡོད་པ་བསྟན་འདུག
ཕྱི་ཟླ་༦་པའི་ཚེས་༡༥་ཉིན། ཡོ་རོབ་མཐུན་ཚོགས་ཀྱི་ལྟེ་གནས་སྦེལ་ཇམ་གྱི་རྒྱལ་ས་(Brussels)་རུ་ཡོ་རོབ་མཉམ་འབྲེལ་དང་། ཨ་མི་རི་ཀའི་བར་གྱི་ཚོགས་འདུ་མཇུག་སྒྲིལ་རྗེས་ཐུན་མོང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་བློ་ཚབས་ཡོད་པ་ཕྱོགས་གཉིས་ཀས་གསལ་སྟོན་བྱས་ཡོད་པ་རེད།
དེའི་ཐད་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་(Vincent Metten)་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཡོངས་ཁྱབ་གསལ་སྒྲགས་དེའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསལ་ཡོད་པ་ནི། སྲིད་འཛིན་(Joe Biden) ལྷན་ཞུགས་ཀྱི་ཚོགས་འདུ་ཐོག་མ་དེའི་ནང་གི་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཡིན་པ་དང་། མ་འོངས་པར་ཡོ་རོབ་མཐུན་ཚོགས་དང་ཨ་མི་རི་ཀ་གཉིས་ཀས་མུ་མཐུད་དུ་ཤུགས་གནོན་རྒྱག་དགོས་བའི་ལམ་ཁ་གལ་ཆེན་ཞིག་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་བསྔགས་བརྗོད་ཞུ་བཞིན་ཡོད། ད་ལྟའི་དུས་འདིར་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམས་ཀྱིས་རྒྱ་ནག་གི་ཐོག་འཛིན་པའི་ཕྱི་འབྲེལ་གྱི་སྲིད་ཇུས་ལ་མཉམ་རུབ་བྱས་ཏེ། པེ་ཅིང་དང་སྲིད་འཛིན་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་བྱ་སྤྱོད་ལ་མཉམ་རུབ་ཀྱིས་སྐྱོན་བརྗོད་ཀྱི་རྣམ་པ་སྟོན་དགོས་པའི་ཛ་དྲག་གི་དུས་ལ་སླེབས་ཡོད་བརྗོད་བྱུང་།
ཐུན་མོང་གི་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། པེ་ཅིང་གཞུང་དང་མཉམ་ལས་དང་། འགྲན་རྩོད། རྒོལ་ལན་སོགས་ང་ཚོ་ཕྱོགས་གཉིས་ཀར་ཐུན་མོང་གི་ལངས་ཕྱོགས་མང་པོ་ཞིག་ཡོད་ཅེས་དང་། བོད་དང་ཤིང་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། ཧོང་ཀོང་ནང་རང་སྲིད་རང་སྐྱོང་དང་མང་གཙོའི་གོ་རིམ་ལ་གོད་ཆག་གཏོང་བ། དཔལ་འབྱོར་ལ་བཙན་དབང་བྱེད་པ། གནས་ཚུལ་སྦས་སྐུང་བྱེད་པ། དེ་བཞིན་ས་གནས་ནང་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་སོགས་ལ་བློ་ཚབས་ཡོད་པ་སོགས་འཁོད་འདུག
ཚོགས་འདུ་དེ་ནི་ཨ་མི་རི་ཀའི་སྲིད་འཛིན་(Joe Biden) ཀྱིས་གཞུང་བཟུང་བ་ནས་བཟུང་ཡོ་རོབ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ་ཐེངས་དང་པོ་ཡིན་པ་མ་ཟད། ཁོང་གི་གཞུང་འཛིན་འོག་ཡོ་རོབ་མཐུན་ཚོགས་དང་ཨ་མི་རི་ཀ་གཉིས་བར་གྱི་ཚོགས་འདུ་ཡང་ཐོག་མ་དེ་ཡིན་པ་རེད། ཚོགས་འདུ་དེའི་ཐོག་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་(Charles Michel)་དང་། ཡོ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལས་ཁུངས་ཏེ་ཡོ་རོབ་ལྷན་ཁང་(European commission)་གི་ཚོགས་གཙོ་(Ursula von der Leyen) ཨ་མི་རི་ཀའི་སྲིད་འཛིན་(Joe Biden) བཅས་ཡོད་པ་རེད།
ཚོགས་འདུའི་སྟེང་། གོང་ཞུས་སྐུ་ཚབ་དབུ་ཁྲིད་གསུམ་པོས་ཕྱི་སྲིད་ཀྱི་གནད་དོན་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་གནད་དོན་མང་དག་ཞིག་གི་ཐད་གོ་བསྡུར་དང་མཉམ་ཕྱོགས་གཉིས་ཀས་ཐུགས་ཚབས་ཡོད་པ་གླེང་འདུག
ཚོགས་འདུ་གྲུབ་མཚམས་སུ་གསར་འགོད་གསལ་བསྒྲགས་སྐོང་ཚོགས་གནང་བའི་སྐབས། ཡོ་རོབ་ལྷན་ཁང་གི་ཚོགས་གཙོ་(Ursula von der Leyen)་ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་རིན་ཐང་ཐོག་སླེབས་སྐབས། ང་ཚོ་དང་རྒྱ་ནག་བར་འགལ་ཟླ་འགྱུར་བཞིན་ཡོད། ཡིན་ན་ཡང་ང་ཚོས་གནད་དོན་དེ་གཉིས་ཐོག་ངེས་པར་དུ་སྐད་ཆ་བཤད་དགོས་ཡོད་ཅེས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎