ཨིསི་ཊོནི་ཡཱའི་གྲོས་ཚོགས་འཐུས་མི་ཞིག་བཞུགས་སྒར་དུ་ཆེད་ཕེབས་གནང་བར་རྒྱ་ནག་གཞུང་ཚབ་པས་སྐྱོན་བརྗོད་བྱས་འདུག

དེ་ཡང་ཨིསི་ཊོནི་ཡཱ་ (Estonia) ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་ (Guo Xiaomei) ཡིས་ (Estonia) ཡི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Juku-Kalle Raid) ལགས་ཉེ་ཆར་ཕྱི་ཟླ་བཞི་པའི་ནང་། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེར་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་པའི་གནད་དོན་ཐད་གྲོས་བསྡུར་བྱ་རྒྱུའི་རེ་བ་བཏོན་ནས་རྒྱ་ནག་གཞུང་ཚབ་ཁང་དུ་འབོད་འགུགས་བྱས་ཡོད་པ་ཁུལ་དེའི་ (Postimees) གསར་ཁང་གིས་གྲོས་ཚོགས་འཐུས་མི་ཁོང་གིས་བཤད་པའི་སྐད་ཆ ལུང་འདྲེན་དང་བཅས་གནས་ཚུལ་སྤེལ་འདུག་ལ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གྲོས་ཚོགས་འཐུས་མི་ཁོང་ལ་འབྲེལ་གཏུག་ཞུ་ཐབས་བྱེད་བཞིན་ཡོད།
རྒྱ་ནག་གི་གཞུང་ཚབ་པས་སྐུ་ཞབས་ (Juku-kalle Raid) ལགས་སུ་སྐྱོན་བརྗོད་ཀྱི་ཡི་གེ་ཞིག་བཏང་པའི་ནང་། འཛམ་གླིང་གི་རྒྱལ་ཁབ་དང་གཞུང་སུ་ཞིག་གིས་བོད་རང་བཙན་རྩ་བ་ནས་ངོས་ལེན་བྱེད་ཀྱི་མེད། ངས་ཡི་གེ་འདི་བྲིས་ཏེ། ཉེ་ཆར་ཁྱེད་རང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤པ་མཆོག་དང་། བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་དང་བློན་ཆེན་རྣམས་དང་ཐུག་འཕྲད་བྱས་པ་སོགས་(Xizang) ངམ་བོད་དང་འབྲེལ་བའི་ཁྱེད་ཀྱི་ལས་དོན་བྱེད་སྟངས་ཐད་སེམས་ཚབས་བྱུང་ཡོད་པ་བཀོད་ཡོད་པ་རེད།
ད་དུང་ཡིག་གེ་དེའི་ནང་། རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་བདག་དབང་གོང་བུ་གཅིག་གྱུར་ལ་བརྩི་བཀུར་བྱེད་པ་དང་། ནང་སྲིད་ལ་ཐེ་བྱུས་མི་བྱེད་པའི་རྩ་དོན་ནི་རྒྱལ་སྤྱིའི་འབྲེལ་ལམ་འཛིན་སྐྱོང་བྱེད་ཕྱོགས་ཀྱི་གཞི་རྩའི་ལམ་སྲོལ་ཡིན་པ་དང་། (Estonian)་གཞུང་གིས་(Xizang)་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པ་དང་། བོད་རང་བཙན་གྱི་དགོས་འདུན་འདོན་མཁན་གྱི་ཁ་བྲལ་རིང་ལུགས་པའི་དཔུང་སྡེ་དང་ལས་འགུལ་གང་ལའང་རྒྱབ་སྐྱོར་མི་བྱེད་པ་བཅས་ཀྱི་ཁས་ལེན་བྱས་ཡོད་པ་བཀོད་ཡོད་པ་རེད།
(Estonian)་གྲོས་ཚོགས་ཀྱི་ཚོགས་མི་རྣམས་(Estonian)་གཞུང་གི་སྒྲིག་འཛུགས་ནང་སྤྱི་དམངས་ལ་ཞབས་འདེབས་ཞུ་མཁན་ཞིག་ཡིན་པར་བརྟེན་ནས་(Estonian)་ངོས་ནས་རྒྱལ་སྤྱིའི་ཁྲོད་ཁས་ལེན་བྱས་པ་རྣམས་ལག་བསྟར་བྱེད་དགོས་དང་། བཙན་བྱོལ་བོད་གཞུང་ནི་རྩ་བའི་ཆ་ནས་རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་ལུགས་དང་ཡོངས་སུ་འགལ་བའི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཚོགས་པ་ཞིག་དང་ཁྲིམས་འགལ་གྱི་སྒྲིག་འཛུགས་ཤིག་ཡིན་པས་འཛམ་གླིང་རྒྱལ་ཁབ་གང་གིས་ཀྱང་ངོས་འཛིན་བྱས་མེད་ཅེས་བཀོད་ཡོད་པ་རེད།
དེའི་ཐད་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཕརཱ་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཨིསི་ཊོནི་ཡཱའི་གྲོས་ཚོགས་འཐུས་མི་ཁག་ཉེ་ལམ་བཞུགས་སྒར་དུ་འཚམས་གཟིགས་ཆེད་ཕེབས་གནང་བའི་ཐད་ཨིསི་ཊོནི་ཡཱར་བཅའ་སྡོད་རྒྱ་ནག་གཞུང་ཚན་དགའ་བོ་བྱུང་མེད་པ་དང་། དེའི་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཨིསི་ཊོནི་ཡཱར་འཚམས་གཟིགས་སྐབས་ཡུལ་དེར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་གསལ་བསྒྲགས་སྤེལ་ནས་སྐྱོན་བརྗོད་བྱས་ཡོད། དེ་ནི་ཨིསི་ཊོནི་ཡཱ་གཙོས་ཡོ་རོབ་སྦལ་ཊིག་མངའ་ཁུལ་གྱི་ཡུལ་གྲུ་གསུམ་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་ངོས་བཞེས་ཆེན་པོ་ཡོང་བཞིན་པར་བརྟེན་ཡུལ་དེར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པས་མ་དགའ་བའི་སྡང་ཟུག་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། གཡུ་སྒྲོན། མཁའ་འགྲོ་དབྱངས་འཛོམས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།