སྲིད་སྐྱོང་མཆོག་དང་ཨིསི་ཊོནིཡཱའི་གྲོས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་མཇལ་འཕྲད་གནང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་་ལགས་ཀྱིས་བྱང་ཡོ་རོབ་ཀྱི་(Baltic)་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་གི་ནང་འཚམས་གཟིགས་ཐོག་མ་གནང་འགོ་ཚུགས་ཡོད་པ་ལྟར། འདི་ཚེས་༢༥ཉིན་ཨིསི་ཊོནིཡཱ་(Estonia)་གྲོས་ཚོགས་ནང་འཚམས་གཟིགས་གནང་བ་དང་མཉམ། ཨིསི་ཊོནིཡཱའི་གྲོས་ཚོགས་ཀྱི་ཚོགས་གཙོ་(Lauri Hussar)་ལགས་དང་། ཨིསི་ཊོནིཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Juku-Kalle Raid)་ལགས། ཨིསི་ཊོནིཡཱའི་ནང་གི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་རིམ་པས་མཇལ་མོལ་གནང་ནས་ད་ལྟའི་བོད་ཀྱི་གནས་སྟངས་དང་། ལོ་རྒྱུས་ཐོག་བོད་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་སོགས་ཀྱི་ཐད་ངོ་སྤྲོད་གཏམ་བཤད་གནང་ཡོད་འདུག སྲིད་སྐྱོང་མཆོག་གིས་ཕྱི་ཟླ་དང་པོའི་ཚེས་༢༤ནས་ཕྱི་ཟླ་གཉིས་པའི་ཚེས་༡བར་(Estonia)་ཨིསི་ཊོནིཡཱ་དང་། (Latvia)་ལཊ་ཝི་ཡ། (Lithuania)་ལི་ཐུཝི་ནི་ཡ་བཅས་(Baltic)་མངའ་ཁུལ་གྱི་རྒྱལ་ཁབ་གསུམ་དང་། (Finland)་ཧྥིན་ལན་ཌི་བཅས་ནང་འཚམས་གཟིགས་གནང་རྒྱུ་ཡིན་པ་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་བཟང་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
སྲིད་སྐྱོང་མཆོག་གིས་རྒྱལ་ཁབ་དེ་དག་གི་ནང་འཚམས་གཟིགས་གནང་རིང་། རྒྱལ་ཁབ་དེ་དག་གི་གྲོས་ཚོགས་དང་གཞུང་གི་དཔོན་རིགས་བཅས་དང་ལྷན་མཇལ་མོལ་དང་ཚོགས་འདུ་གནང་རྒྱུ་དང་། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། འབྲེལ་ཡོད་ཆེད་ལས་པ་སོགས་དང་མཇལ་འཕྲད་གནང་རྒྱུ། གསར་འགྱུར་བརྒྱུད་ལམ་ཁག་གི་བཅར་འདྲི་དྭང་ལེན་གནང་རྒྱུ་བཅས་ཀྱི་མཛད་རིམ་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་ནང་ཕྱི་ཟླ་༢བའི་ཚེས་༡ནས་༣བར་འཚམས་གཟིགས་གནང་རིང་། གཙོ་བོ་(Warwick Economic Summit)་དཔལ་འབྱོར་ལྷན་ཚོགས་ཀྱིས་གདན་ཞུ་ཕུལ་བ་ལྟར་(Warwick)་གཙུག་ལག་སློབ་ཆེན་གྱི་ལོ་འཁོར་ལྷན་ཚོགས་ཐོག་ལ་གསུངས་བཤད་གནང་རྒྱུ་ཡིན་པ་དང་། གཙུག་ལག་སློབ་ཆེན་དེས་ཆབ་སྲིད་དང་དཔལ་འབྱོར། གསར་འགྱུར་ལས་རིགས། འགྲོ་བ་མིའི་ཐོབ་ཐང་། ཚོང་ལས་བཅས་ཀྱི་ཐོག་མཚན་སྙན་ཆེ་བའི་མི་སྣ་ཁག་གསུང་བཤད་གནང་བར་གདན་ཞུ་གནང་གི་ཡོད་པ་ལྟར། བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་མཆོག་ལྷན་ཚོགས་དེའི་ཐོག་བོད་དོན་སྐོར་གསུང་བཤད་གནང་མཁན་ཐེངས་དང་པོ་དེ་ཆགས་རྒྱུ་ཡིན་འདུག
དབྱིན་ཡུལ་ནང་གི་སྲིད་སྐྱོང་མཆོག་གི་ཕྱོགས་ཕེབས་ཀྱི་ལས་རིམ་ཁྲོད་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཇལ་མོལ་གནང་སྟེ། (Brussels)་དུ་ཕེབས་ཐོན་གྱིས་དེར་བོད་མི་རྣམས་དང་ཐུག་འཕྲད་ཀྱི་མཛད་རིམ་འགྲུབ་རྗེས་རྒྱ་གར་དུ་ཕྱིར་ཕེབས་གནང་སྟེ། རྒྱ་གར་ལྷོ་ཕྱོགས་(Kollegal)་དོན་ལྡན་གླིང་བོད་མིའི་གཞིས་ཆགས་བཙུགས་ནས་ལོ་ངོ་༥༠འཁོར་བའི་མཛད་སྒོར་ཕེབས་རྒྱུ་ཡིན་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།