འབར་ཁམས་ས་འགུལ་གྱི་གནོད་སྐྱོན་ཁྲོད་ཚོ་བདུན་དགོན་པ་ཡོངས་སུ་གུར་ནང་སྤོར་དགོས་བྱུང་འདུག

2022.07.12
འབར་ཁམས་ས་འགུལ་གྱི་གནོད་སྐྱོན་ཁྲོད་ཚོ་བདུན་དགོན་པ་ཡོངས་སུ་གུར་ནང་སྤོར་དགོས་བྱུང་འདུག འབར་ཁམས་ས་འགུལ་གྱི་གནོད་སྐྱོན་ཁྲོད་རས་གུར་ནང་སྤོར་དགོས་བྱུང་བའི་ཚོ་བདུན་དགོན་པ། ༠༧།༢༠༢༢
བོད་འབྱོར།/RFA

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འདྲ་པར་དང་བཅས་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ལམ་ཟླ་དྲུག་པའི་ཚེས་༡༠ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་ཕྱོགས་སུ་འགུལ་ཚད་རིམ་པ་དྲུག་དང་ཟབ་ཚད་སྨི་ཁྲི་གཅིག་ཡིན་པའི་ས་འགུལ་རྒྱབ་རྗེས། འབར་ཁམས་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་དགའ་ལྡན་ཕོ་བྲང་དང་། རིག་གསུམ་མགོན་པོའི་ལྷ་ཁང་། འདུ་ཁང་ལྷ་ཁང་དང་། རྒན་གསོ་ཁང་དང་། སློབ་གྲྭ བྱང་ཆུབ་མཆོད་རྟེན། གྲྭ་ཤག་༡༥༠་ལྷག་ཡོད་པ་བཅས་ཡོངས་སུ་ཚད་གཞི་འདྲ་མིན་གྱི་གཏོར་སྐྱོན་ཐེབས་ནས་གནས་སྡོད་བྱེད་མ་ཐུབ་པར་གྱུར་བར་བརྟེན་ད་ཆ་དགོན་པའི་དགེ་འདུན་པ་༢༩༠ཙམ་ཡོད་པ་དང་། དགོན་པའི་སྐུ་རྟེན་བཅས་ཚང་མ་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་ཐང་སྟོང་ལ་སྤོར་ནས་ད་ལྟའི་ཆར་རས་གུར་ནང་གནས་སྡོད་བྱས་བསྡད་ཡོད་པ་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་ངོ་སྤྲོད་གནང་བྱུང་།

gyalroung tsodun.jpg
ཁོང་གིས་མུ་མཐུད་དུ་གསུངས་ན། ས་འགུལ་རྗེས་འབར་ཁམས་ཉེ་འཁོར་ཀྱི་དགོན་སྡེ་ཁག་དང་གྲོང་སྡེ་གཞན་ཚོའི་རོགས་རམ་ལ་བརྟེན། ད་ལྟའི་ཆར་དགོན་པ་ཡོངས་སུ་གནས་སྤོར་ཟིན་ནས་དགོན་པའི་ཉིན་རེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཆ་ཚང་རས་གུར་ནང་བྱེད་བཞིན་ཡོད་ཀྱང་། མཚམས་རེར་ཆར་ཆུས་བརླན་པའི་དཀའ་ངལ་དང་། གཏོར་སྐྱོན་ཐེབས་པའི་དགོན་པའི་ལྷ་ཁང་དང་གྲྭ་ཤག་བཅས་བ་བསྐྱར་བཟོ་ཐད་དཀའ་ངལ་ཡོད་པ་དང་། ས་འགུལ་རྒྱབ་ནས་ཉིན་གྲངས་གསུམ་གྱི་རྗེས་ས་གནས་རྒྱ་ནག་གི་རོགས་སྐྱོར་མི་སྣ་འབྱོར་ནས་རས་གུར་སོགས་ཀྱི་རོགས་རམ་བྱས་ཡོད་ཀྱང་། མ་འོངས་དགོན་པའི་ལྷ་ཁང་དང་གྲྭ་ཤག་བསྐྱར་བཟོའི་ཐད་ས་གནས་རྒྱ་ནག་གཞུང་གིས་རོགས་རམ་བྱེད་མིན་ད་དུང་ཁ་གསལ་མེད་པ་ངོ་སྤྲོད་གནང་བྱུང་།


དེ་བཞིན་ལྷ་སྡེ་ཚོ་བདུན་ཡུལ་ཚོའི་གྲོང་ཚོ་མང་པོའི་ས་གནས་ཡུལ་མིའི་སྡོད་ཁང་ལ་གཏོར་སྐྱོན་ཐེབས་ནས་ས་གནས་ཡུལ་མི་མང་པོ་ལ་གཅིག་མཚུངས་སྡོད་གནས་མེད་པར་གྱུར་ནས་ད་ལྟའི་ཆར་གུར་ནང་གནས་སྡོད་བྱས་ཡོད་པ་རེད་འདུག
རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ནང་། ས་འགུལ་བྱུང་རྗེས་གནོད་ཐེབས་ས་ཁུལ་དུ་དུས་ཐོག་མྱུར་སྐྱོབ་རུ་ཁག་བཏང་ནས་རོགས་རམ་བྱས་ཚུལ་དང་། དཔོན་རིགས་ཚོས་ས་གནས་སུ་གཟིགས་སྐོར་བྱས་ཚུལ་སོགས་ལས་ཚོ་བདུན་དགོན་པ་ས་འགུལ་གྱི་གོད་ཆག་ཁྲོད་ཡོངས་སུ་གནས་སྤོར་དགོས་བྱུང་བ་དང་མ་འོངས་པར་དགོན་པ་བསྐྱར་བཟོ་བྱེད་མིན་སོགས་ཀྱི་གནས་ཚུལ་གང་ཡང་མཐོང་རྒྱུ་མི་འདུག
རྒྱ་ནག་གི་གསར་འགྱུར་ནང་། སྐབས་ཐོག་འབར་ཁམས་ས་འགུལ་ཁྲོད་མྱུར་སྐྱོབ་མི་སྣ་བཏང་ནས་རོགས་རམ་བྱས་བའི་གནས་ཚུལ་ལས། མི་སྣ་ཤི་རྨས་དང་ཁང་པ་གཏོར་སྐྱོན་ག་ཚོད་ཐེབས་ཡོད་མེད་སོགས་གནས་ཚུལ་བཀོད་མེད་པ་དང་། རྗེས་སུ་ཁང་པ་མང་པོ་གཏོར་སྐྱོན་ཐེབས་པ་དང་མི་བཞི་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་སྤེལ་འདུག
དེ་སྔ་༢༠༢༡ལོར་མགོ་ལོག་ཁུལ་རྨ་སྟོད་རྫོང་དང་། ༢༠༢༢་ལོར་མཚོ་བྱང་ཁུལ་སེམས་ཉིད་རྒྱ་མདོ་རྫོང་བཅས་སུ་འགུལ་ཚད་རིམ་པ་འདྲ་མིན་གྱི་ས་ཡོམ་རྒྱབ་སྐབས་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་ཁ་གསལ་བསྒྲགས་མེད་ཀྱང་། རྗེས་སུ་རྨ་སྟོད་ས་འགུལ་ཁྲོད་མི་སྣ་ཤི་རྨས་ཀྱི་གྲངས་འབོར་འཕར་བའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎