སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཞོན་རྣམ་གཉིས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བདམས་ཐོན་སྲིད་འཛིན་ལ་འཚམས་འདྲི་གནང་འདུག

2023.01.31
སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཞོན་རྣམ་གཉིས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བདམས་ཐོན་སྲིད་འཛིན་ལ་འཚམས་འདྲི་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བདམས་ཐོན་སྲིད་འཛིན་(Petr Pavel)་ལགས།
སྒྲིག་བཟོ།

ཕྱི་ཟླ་དང་པོའི་ཚེས་༢༨ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་འདེམས་ཁྲོད། རྒྱལ་ཁ་ཐོབ་པའི་ཡུལ་དེའི་སྐམ་དམག་གི་དམག་སྤྱི་ཆེན་མོ་ཟུར་པ་(Petr Pavel)་ལགས་སུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་རྟེན་འབྲེལ་འཚམས་འདྲི་ཞུས་བའི་ནང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཐོག་མ་(Vaclav Havel)་ལགས་རྣམ་གཉིས་བར་གྱི་མཛའ་གྲོགས་བརྒྱུད། བོད་དང་ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་བར་འབྲེལ་བ་ཧ་ཅང་དམ་ཟབ་བྱུང་ཡོད་པ་དེ། སྐུ་ཉིད་ཀྱིས་སྲིད་འཛིན་གྱི་ཐུགས་འགན་བཞེས་རིང་། སྐུ་ཞབས་(Vaclav Havel)་ལགས་ཀྱིས་བཞག་གནང་མཛད་པའི་འགྲོ་བ་མིའི་ཐོབ་ཐང་དང་། ཆེ་མཐོང་། དྲང་བདེན་བཅས་ཀྱི་རིན་ཐང་བཟང་པོའི་ཐོག་མུ་མཐུད་དུ་མཇུག་སྐྱོང་གནང་རྒྱུར་ཡིད་ཆེས་རེ་བ་ཡོད། ད་དུང་སྐུ་ཞབས་(Vaclav Havel)་ལགས་ཀྱི་དགོངས་པ་རྒྱུན་སྐྱོང་གིས་ཡོ་རོབ་དང་འཛམ་གླིང་ཞི་བདེའི་ཐད་ལེགས་རྗེས་འཇོག་ཐུབ་པར་སྨོན་འདུན་ཞུས་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་པར་འདེམས་ཐོན་བྱུང་པ་(Petr Pavel)་ལགས་སུ། ཕྱི་ཟླ་༡པའི་༢༨ཉིན་གྱི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་པ་དང་། ཁོང་གིས་འོས་འདེམས་སྐབས་སུ་(NATO)་དང་ཡོ་རོབ་མནའ་འབྲེལ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་། དེ་བཞིན་ཡུཀ་རེན་གྱི་རོགས་སྐྱོར་ཐད་ཀྱང་རྒྱབ་སྐྱོར་གནང་འདུག
ད་ལྟ་དགུང་གྲངས་༦༡ཡིན་པའི་(Petr Pavel)་ལགས་ནི། ཡུལ་དེའི་རྒན་ཡོལ་དུ་ཕེབས་པའི་དམག་སྤྱི་ཞིག་དང་གཞུང་འགན་འོས་འདེམས་ནང་ཞུགས་པ་ཐོག་མ་དེ་རེད། ཁོང་ལ་ཐེངས་འདིའི་སྲིད་འཛིན་འོས་འདེམས་ནང་བརྒྱ་ཆའི་༥༨ཀྱི་འོས་ཤོག་ལས་བརྒལ་ནས། འགྲན་ཟླ་ཕྱུག་བདག་ཆེན་མོ་དང་སྲིད་བློན་ཟུར་བ་(Andrej Babis)་ལགས་ཕམ་ཉེས་བཏང་ཡོད་པ་རེད། སྐུ་ཞབས་(Petr Pavel)་ལགས་རང་རྐྱ་འཕེལ་བའི་མི་སྣའི་མིང་ཐོག་ནས་སྲིད་འཛིན་འོས་འདེམས་ནང་ཞུགས་ཏེ་རྒྱལ་ཁབ་ཐོབ་པ་ཞིག་རེད།
ཕྱི་ལོ་༢༠༢༣ཟླ་བ་༡ཚེས་༣༡ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཀྱང་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་ཞུས་གནང་ནས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག
གཞན་ཡང་ཟླ་༡ཚེས་༢༧ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ཨ་རུ་ན་ཅལ་མངའ་སྡེ་གཞུང་གི་ཆོས་རིག་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་འཇམ་དཔལ་དབང་འདུས་(Jambey Wangdi)་ལགས་སུ་འཚམས་འདྲི་གནང་ནས། ཁོང་གི་ཕ་དམ་པ་དང་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་ཀརྨ་དབང་ཕྱུག་(Karma Wangchu)་ལགས་ལ་རྒྱ་གར་གཞུང་གིས་པདྨ་ཤྲཱི་གཟེངས་རྟགས་(Padma Shri Award)་གནང་བ་གོ་ཐོས་བྱུང་བས་ཧ་ཅང་དགའ་པོ་བྱུང་ཞེས་དང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཚབ་ཞུས་ཏེ་སྐུ་ཉིད་ཀྱིས་གཙོས་ནང་མི་ལྷན་རྒྱས་དང་། ཨ་རུ་ན་ཅལ་མངའ་སྡེའི་མི་མང་བཅས་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎