རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་ཅེས་པ་བསྐྱར་བཅོས་ཀྱིས་བོད་རིགས་རྒྱ་ཧན་མི་རིགས་སུ་བཙན་སྒྱུར་བྱ་རྒྱུའི་ལས་དོན་ཤུགས་ཆེ་རུ་བཏང་འདུག

2025.03.25
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་ཅེས་པ་བསྐྱར་བཅོས་ཀྱིས་བོད་རིགས་རྒྱ་ཧན་མི་རིགས་སུ་བཙན་སྒྱུར་བྱ་རྒྱུའི་ལས་དོན་ཤུགས་ཆེ་རུ་བཏང་འདུག བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་རྒྱུའི་སྲོལ་ཡིག་བསྐྱར་བཅོས་ལག་བསྟར་དང་འབྲེལ་བའི་ཚོགས་འདུ་འཚོག་བཞིན་པ། ༢༠༢༥།༠༣།༢༣
Chinanews.com

འདི་ལོའི་ཕྱི་ཟླ་ ༠༣ ནས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་བསྐྱར་བཅོས་བྱས་པ་དེ་ཉིད་ལག་བསྟར་བྱེད་འགོ་བཙུགས་ཏེ། བོད་རིགས་ཐེ་བའི་རྒྱ་ནག་གི་བཙན་དབང་འོག་ཡོད་པའི་མི་རིགས་ཚང་མ་རྒྱ་ཧན་མི་རིགས་ལ་བཙན་སྒྱུར་དང་། རྒྱ་ཧན་མི་རིགས་ཀྱི་བསམ་བློ་དང་འདུ་ཤེས་གོང་མཐོར་གཏང་རྒྱུའི་བཙན་སྐུལ་གཏོང་བཞིན་འདུག

དེ་ཡང་ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༣ ཚེས་ ༢༣ ཉིན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་བསྐྱར་བཅོས་དང་འབྲེལ་བའི་ཚོགས་འདུ་བསྐོངས་ཚོགས་བྱས་ཏེ། བོད་རང་སྐྱོང་ལྗོངས་མི་རིགས་དང་ཆོས་ལུགས་ལས་དོན་ཁང་གི་འགན་འཛིན་བསྟན་འཛིན་ལྷུན་གྲུབ་ཟེར་བས། བསྐྱར་བཅོས་ཀྱི་སྲོལ་ཡིག་དེ་བཞིན་འཆར་གཞི་དང་། རྒྱུ་མཚན་ལྡན་པའི་ངང་མི་མང་དམངས་གཙོའི་བསམ་བློ་དང་མཐུན་པ་བྱས་ཏེ། གཞི་རྒྱ་ཆེ་བའི་ངང་ལག་བསྟར་བྱ་རྒྱུ་ཡིན་པ་འགྲེལ་བརྗོད་བྱས་འདུག གནད་དོན་དེ་དང་འབྲེལ་ཏེ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱི་གསུངས་དོན་ལ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲོད་ལ་བོད་དུ་འཛིན་པའི་སྲིད་བྱུས་རྣམས་ཁྲིམས་ཀྱི་ངོ་བོར་ཁ་གཡར་ནས། དོན་དངོས་ཐོག་བོད་ཀྱི་ཆོས་དང་རིག་གཞུང་རྣམས་ལ་འགྲེལ་ལོག་གིས་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་ཐབས་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཡང་གནད་དོན་དེ་དང་འབྲེལ་བའི་ཐོག་རྒྱ་གར་ཉམས་ཞིབ་ལྟེ་གནས་ཁང་ (Observer Research Foundation)  གི་ཉམས་ཞིབ་པ་ཀལ་པིཏ་མན་ཀི་ཀར་ (Kalpit Mankikar) ལགས་ཀྱིས། སྔར་ལོ་ཨ་རིའི་སྲིད་གཞུང་ནས་བོད་དོན་རྒྱབ་སྐྱོར་ཁྲིམས་ཡིག་གཏན་འབེབས་གནང་ཡོད་པའི་ནང་། རྒྱ་ནག་གཞུང་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་གྲོས་མོལ་བྱ་དགོས་པ་བརྗོད་པ་དང་། གཞན་ཡང་རྒྱ་ནག་གཞུང་གིས་བོད་ནང་དུ་བཅའ་སྡོད་སློབ་གྲྭའི་གནད་དོན་དང་། ༸གོང་ས་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་སོགས་རྒྱལ་སྤྱིའི་སྟེང་གླེང་སློང་མི་ཡོང་ཆེད། ད་ལྟའི་སྲོལ་ཡིག་དེ་བསྐྱར་བཅོས་དང་འབྲེལ་གནད་དོན་དེ་དག་བཀག་འགོག་བྱ་རྒྱུའི་ཐབས་ཤིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག

ཐེངས་འདིར་རྒྱ་ནག་གཞུང་གིས་བསྐྱར་བཅོས་བྱས་པའི་མི་རིགས་མཐུན་སྒྲིལ་སྲོལ་ཡིག་ཟེར་བ་དེ་བཞིན། ཐོག་མར་ཕྱི་ལོ ༢༠༢༠ ལོར་གཏན་འབེབས་ལག་བསྟར་བྱས་ཡོད་པ་དང་། དེ་སྔ་སྲོལ་ཡིག་གཏན་འབེབས་སྐབས་དོན་ཚན་གསུམ་པའི་ནང་དར་ཆ་གསལ་སྟོན་གྱིས་ཁ་བྲལ་ལ་ངོ་རྒོལ་བྱ་དགོས་ཟེར་བ། བསྐྱར་བཅོས་སྲོལ་ཡིག་ནང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་སྟེ། མི་རིགས་ཚང་མ་རྒྱ་ཧན་མི་རིགས་ཡིན་པའི་འདུ་ཤེས་ཆེ་རུ་གཏོང་དགོས་པ་སོགས་བརྗོད་འདུག་ལ།

ཡང་སྲོལ་ཡིག་ཟེར་བའི་དོན་ཚན་བཞི་པའི་ནང་། བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་ནི་མེད་ཐབས་མེད་པ་ཞིག་ཡིན་སྐོར་བརྗོད་པ། བསྐྱར་བཅོས་སྲོལ་ཡིག་གསར་པ་ཞེས་པའི་ནང་། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པས། བོད་མི་ཚོ་ཀྲུང་ཧ་ཁྱིམ་ཚང་ཆེན་མོའི་ཁོངས་མི་ཡིན་པས་མི་རིགས་མཐུན་སྒྲིལ་དེ་བཞིན་བོད་ཀྱི་འཕེལ་རྒྱས་ཀྱི་སྲོག་རྩ་ཡིན་སྐོར་དང་། དེ་བཞིན་དོན་ཚན་ཉི་ཤུ་རྩ་ལྔའི་ནང་། དེ་སྔ་མེད་པ་བོད་ཀྱི་དགོན་སྡེ་དང་སློབ་གྲྭ ཆོས་ལུགས་ལྟེ་གནས་ཚང་མར་མི་རིགས་མཐུན་སྒྲིལ་དང་ཁྲིམས་དང་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་སྤྲོད་དགོས་སྐོར་དང་། གཞན་ཡང་སྲོལ་ཡིག་དེ་གཙོ་བོ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་རིགས་ཁག་ཚང་མ་དང་། གཞན་ཡང་སློབ་གྲྭ་དང་ཚོང་ལས་སྡེ་ཚན་ཚང་མས་ལག་བསྟར་དང་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་དགོས་པ་སོགས་བཀོད་འདུག
རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཐུན་སྒྲིལ་གྱི་སྲོལ་ཡིག་ཟེར་བ་དེ་སྔ་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡ ཉིན། བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་གཏན་འབེབས་ལག་བསྟར་བྱེད་སྐབས། བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་མང་དག་ཅིག་གིས། བོད་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་ཡིན་པའི་ངོས་འཛིན་འོག་ངོ་རྒོལ་བྱས་ཡོད་པ་རེད་ལ། ཐེངས་འདིར་བསྐྱར་བཅོས་བྱས་པའི་སྲོལ་ཡིག་དེ་འདི་ལོའི་ཟླ་ ༡ ཚེས་ ༡༥ ཉིན། བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཅུ་བཞི་པའི་སྟེང་བསྐྱར་བཅོས་དང་། ཕྱི་ཟླ་ ༣ ཚེས་ ༡ ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་དང་། དེ་སྔ་སྲོལ་ཡིག་རྙིང་བའི་ནང་ས་བཅད་ ༨ དང་དོན་ཚན་ ༤༨ ཡོད་པ་ལས། གཙོ་བོ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་ཐབས་བྱུས་བཀོད་སྒྲིག་གལ་ཆེན་དང་། བླང་བྱར་བརྩི་སྲུང་ཞུ་དགོས་སྐོར་ཡིན་ན་ཡང་། ས་བཅད་ ༧ དང་དོན་ཚན་ ༥༠ ཡོད་པ་ལས་གཙོ་བོ་མི་རིགས་ཚང་མ་རྒྱ་ཧན་མི་རིགས་ལ་སྒྱུར་ཐབས་དང་རྒྱ་ཧན་མི་རིགས་ཀྱི་བསམ་བློ་དང་འདུ་ཤེས་ཤུགས་ཆེར་གཏོང་དགོས་སྐོར་འཁོད་འདུག །

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎