རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་སྲོལ་ཡིག་ཅེས་པ་བསྐྱར་བཅོས་ལག་བསྟར་བྱས་པ་ནི། བོད་ནང་རྒྱ་སྒྱུར་སློབ་གསོ་ཤུགས་ཆེ་རུ་གཏོང་ཐབས་ཤིག་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
ཟླ་ ༣ ཚེས་ ༡ ནས་བཟུང་རྒྱ་ནག་གཞུང་གིས། བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་ཅེས་པ་བསྐྱར་བཅོས་ཀྱིས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་དང་། བསྐྱར་བཅོས་སྲོལ་ཡིག་ནང་དེ་སྔ་མེད་པ་ཀྲུང་ཧ་མི་རིགས་གཅིག་མཐུན་དང་། རྒྱ་ཧན་མི་རིགས་ཀྱི་བསམ་བློ་དང་འདུ་ཤེས་ཐོག་ནས་གཅིག་གྱུར་དགོས་པ་སོགས་ཁ་སྣོན་བྱས་ཡོད་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་སྲོལ་ཡིག་ཅེས་གཙོ་བོ་བོད་ནང་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོ་ཤུགས་ཆེ་རུ་སྤེལ་ཐབས་ལས། ཡིག་ཆ་དེ་དག་ལ་ཁྲིམས་དང་སྒྲིག་གཞི་ཡི་རྩ་དོན་དང་གཟི་བརྗིད་གང་ཡང་མེད་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་སྲོལ་ཡིག་ཅེས་པ་དེ་སྔ་ཕྱི་ལོ་ ༢༠༢༠ ལོར་གཏན་འབེབས་ལག་བསྟར་བྱས་ཡོད་པ་རེད་ལ། བསྐྱར་བཅོས་མ་བྱས་སྔོན་གྱི་སྲོལ་ཡིག་གི་དོན་ཚན་གསུམ་པའི་ནང་། རྒྱ་ནག་གཅིག་གྱུར་ལ་སྲུང་སྐྱོབ་དང་། དར་ཆ་གསལ་སྟོན་གྱིས་ཁ་བྲལ་ལ་ངོ་རྒོལ་བྱ་དགོས་ཟེར་བ་བསྐྱར་བཅོས་ནང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་སྟེ། མི་རིགས་ཚང་མ་རྒྱ་ཧན་མི་རིགས་ཡིན་པའི་འདུ་ཤེས་ཆེ་རུ་གཏོང་དགོས་པ་སོགས་བརྗོད་འདུག་ལ། ཡང་ཟླ་བ་ཚེ་རིང་ལགས་ནས་རྒྱ་ནག་གཞུང་གིས་ཐེངས་འདིར་བསྐྱར་བཅོས་བྱས་པའི་དོན་ཚན་ཁག་ཏུ་གཙོ་བོ། བོད་མི་རིགས་ཟེར་བ་ཞིག་མེད་པར་ཚང་མ་རྒྱ་ཧན་མི་རིགས་ཡིན་པ་བཟོ་ཐབས་དང་། དེ་བརྒྱུད་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དང་བོད་མི་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་ཐབས་ཁོ་ན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

ཡང་སྲོལ་ཡིག་ཟེར་བའི་དོན་ཚན་བཞི་པའི་ནང་། བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་ནི་མེད་ཐབས་མེད་པ་ཞིག་ཡིན་སྐོར་བརྗོད་པ། བསྐྱར་བཅོས་སྲོལ་ཡིག་གསར་པ་ཞེས་པའི་ནང་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པས། བོད་མི་ཚོ་ཀྲུང་ཧ་ཁྱིམ་ཚང་ཆེན་མོའི་ཁོངས་མི་ཡིན་པས་མི་རིགས་མཐུན་སྒྲིལ་དེ་བཞིན་བོད་ཀྱི་འཕེལ་རྒྱས་ཀྱི་སྲོག་རྩ་ཡིན་སྐོར་དང་། དེ་བཞིན་དོན་ཚན་ཉི་ཤུ་རྩ་ལྔའི་ནང་དེ་སྔ་མེད་པ་བོད་ཀྱི་དགོན་སྡེ་དང་སློབ་གྲྭ། ཆོས་ལུགས་ལྟེ་གནས་ཚང་མར་མི་རིགས་མཐུན་སྒྲིལ་དང་ཁྲིམས་དང་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་སྤྲོད་དགོས་སྐོར་དང་། གཞན་ཡང་སྲོལ་ཡིག་དེ་གཙོ་བོ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་རིགས་ཁག་ཚང་མ་དང་། གཞན་ཡང་སློབ་གྲྭ་དང་ཚོང་ལས་སྡེ་ཚན་ཚང་མས་ལག་བསྟར་དང་དྲིལ་བསྒྲགས་ཤུགས་ཆེ་རུ་གཏོང་དགོས་པ་སོགས་བཀོད་འདུག
རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཐུན་སྒྲིལ་གྱི་སྲོལ་ཡིག་ཟེར་བ་དེ་སྔ་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡ ཉིན་། བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་གཏན་འབེབས་ལག་བསྟར་བྱེད་སྐབས། བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་མང་དག་ཅིག་གིས། བོད་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་ཡིན་པའི་ངོས་འཛིན་འོག་ངོ་རྒོལ་བྱས་ཡོད་པ་རེད་ལ། ཐེངས་འདིར་བསྐྱར་བཅོས་བྱས་པའི་སྲོལ་ཡིག་དེ་འདི་ལོའི་ཟླ་ ༡ ཚེས་ ༡༥ ཉིན། བོད་རང་སྐྱོང་ལྗོངས་མི་མས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཅུ་བཞི་པའི་སྟེང་བསྐྱར་བཅོས་དང་། ཕྱི་ཟླ་ ༣ ཚེས་ ༡ ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་དང་། དེ་སྔ་སྲོལ་ཡིག་རྙིང་བའི་ནང་ས་བཅད་ ༨ དང་དོན་ཚན་ ༤༨ ཡོད་པ་པ་ལས། གཙོ་བོ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་ཐབས་བྱུས་བཀོད་སྒྲིག་གལ་ཆེན་དང་བླང་བྱར་བརྩི་སྲུང་ཞུ་དགོས་སྐོར་ཡིན་ན་ཡང་། ས་བཅད་ ༧ དང་དོན་ཚན་ ༥༠ ཡོད་པ་ལས་གཙོ་བོ་མི་རིགས་ཚང་མ་རྒྱ་ཧན་མི་རིགས་ལ་སྒྱུར་ཐབས་དང་རྒྱ་ཧན་མི་རིགས་ཀྱི་བསམ་བློ་དང་འདུ་ཤེས་ཤུགས་ཆེར་གཏོང་དགོས་སྐོར་འཁོད་འདུག
གསར་འགོད་པ། ལོ་ཡག་བཀྲ་ཤིས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།