བལ་བོད་ས་མཚམས་འགྲམ་འགག་སྒོ་སྒོ་ཕྱེ་ཡོད་ཀྱང་བོད་མི་ཚོང་པ་ཚོར་དམ་དྲག་ཡོད་པ་རེད་འདུག

2023.05.03
བལ་བོད་ས་མཚམས་འགྲམ་འགག་སྒོ་སྒོ་ཕྱེ་ཡོད་ཀྱང་བོད་མི་ཚོང་པ་ཚོར་དམ་དྲག་ཡོད་པ་རེད་འདུག བོད་དང་བལ་ཡུལ་གྱི་ས་མཚམས་འགྲམ་འགག་སྒོའི་ཟམ་པ། ༢༠༢༢ཟླ་༡༡་ནང་།
མཐུན་འགྱུར་པར་རིས།/RFA

རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སྐབས་ནས་ད་བར་སྒོ་རྒྱབ་པའི་བོད་དང་བལ་ཡུལ་གྱི་ས་མཚམས་འགྲམ་འགག་སྒོ་ཕྱི་ཟླ་༥ཚེས་༡ཉིན་སྒོ་ཕྱེས་ཏེ། བོད་དང་བལ་ཡུལ་བར་གྱི་ཚོང་ལས་དང་མི་སྣ་འགྲོ་བསྐྱོད། དེ་བཞིན་དངོས་ཟོག་དབོར་འདྲེན་སོགས་སླར་གསོ་བྱས་ཡོད་པའི་མཛད་སྒོ་ཚོགས་ཡོད་ཀྱང་། བལ་ཡུལ་དུ་ཡོད་པའི་བོད་པ་ཚོང་གཉེར་བ་ཚོས་འགྲམ་བརྒྱུད་ནས་དངོས་ཟོག་དབོར་འདྲེན་དང་ཅ་དངོས་བསྐུར་རྒྱུ་སོགས་བྱེད་འཇུག་གི་མེད་པ་དང་། སྤྱིར་དེང་སྐབས་བོད་པ་ཚོ་བལ་ཡུལ་ཕྱོགས་ཀྱི་འགྲམ་གྱི་ཟམ་པ་དང་ཉེ་སའི་ཆུ་ཚན་དུ་འགྲོ་བར་དམ་དྲག་བྱེད་བཞིན་ཡོད་པ། བལ་ཡུལ་དུ་གནས་སྡོད་བོད་རིགས་ཚོང་གཉེར་བ་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་བོད་དང་བལ་ཡུལ་གྱི་ས་མཚམས་འགྲམ་འགག་སྒོ་ཕྱེས་པ་དེས། འགྲམ་འགག་སྒོ་ནིརྒྱ་ནག་དང་བལ་ཡུལ་བར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་སྤེལ་རེས་ཀྱི་བགྲོད་ལམ་གཙོ་བོ་ཞིག་དང་། ས་མཚམས་དེས་རྒྱ་ནག་དང་བལ་ཡུལ་བར་གྱི་མཛའ་མཐུན་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད། འབྲེལ་ཡོད་ནས་སྤྱིར་འགྲམ་གྱི་ས་མཚམས་དེ་སྔོན་མ་ནས་བོད་པ་མང་པོ་བཙན་བྱོལ་དུ་ཡོང་སའི་ས་མཚམས་ཤིག་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་ནམ་རྒྱུན་ས་མཚམས་དེ་ཆབ་སྲིད་ཀྱི་གནད་འགག་ཅན་གྱི་ས་གནས་ཤིག་ཏུ་ངོས་འཛིན་གྱིས། བོད་པ་ཚོར་ས་གནས་དེ་བརྒྱུད་དངོས་ཟོག་རིགས་གཏོང་འཇུག་གི་མེད་སྟབས། ནམ་རྒྱུན་བོད་ནང་ལ་གཏོང་བཞིན་པའི་ཚོང་རྫས་ཁག་སྐྱིད་རོང་ས་མཚམས་བརྒྱུད་བལ་ཡུལ་གྱི་ས་གནས་ཁ་བྱང་ཐོག་ནས་གཏོང་བཞིན་པ་ལས། བལ་ཡུལ་ནང་ཡོད་པའི་བོད་པའི་གཞིས་སྒར་ཁག་དང་བཟོ་གྲྭ་སོགས་ཀྱི་ཁ་བྱང་ཐོག་ནས་གཏོང་ཐུབ་ཀྱི་མེད་པ་བརྗོད་བྱུང་།

china opened Tibet _Nepal Dhum border.png
བོད་དང་བལ་ཡུལ་ས་མཚམས་འགྲམ་གྱི་མཛའ་མཐུན་ཟམ་པ་ཟེར་བ་དེ། ཕྱི་ལོ་༡༩༦༤ལོར་གསར་དུ་བཟོས་ཏེ། རྒྱ་ནག་གཞུང་གིས་རྒྱལ་ལམ་ཨང་༣༡༨པ་ཞེས་ནུབ་ཕྱོགས་ཀྱི་འགག་སྒོ་གནད་འགག་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག་ལ། འབྲེལ་ཡོད་བོད་མི་གཞན་ཞིག་གིས། སྤྱིར་ན་འགྲམ་འགག་སྒོ་དེ་བལ་ཡུལ་ནས་ཐག་ཉེ་བོ་དང་ཚོང་ལས་གཉེར་བར་ཕྱོགས་གཉིས་ལ་བདེ་བོ་ཡོད་པས་ཚོང་གཉེར་བ་མང་པོ་ཡོད་པ་དང་། སྐྱིད་རོང་ས་མཚམས་དེ་ཐག་རིང་པོ་དང་དེ་བཞིན་བཀག་འགོག་དང་ཞིབ་བཤེར་རིགས་བྱེད་བདེ་བོ་ཡོད་པས་རྒྱ་ནག་གཞུང་གིས་ནམ་རྒྱུན་ས་མཚམས་དེར་བཀག་བསྡོམས་དེ་ཙམ་བྱེད་ཀྱི་མེད། འགྲམ་འགག་སྒོའི་ཉེ་འགྲམ་དུ་དམིགས་བསལ་བོད་པ་ཚོར་དོགས་ཟོན་དང་། ས་མཚམས་ཕྱོགས་གཉིས་ཀྱི་ཉེ་འགྲམ་ཁུལ་དུ་ནམ་རྒྱུན་གཏན་སྡོད་ཚོང་གཉེར་བ་མང་པོ་ཡོད་ཀྱང་། བོད་པ་ཚོས་ས་མཚམས་ཉེ་འགྲམ་དུ་ཚོང་གཉེར་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།
བོད་དང་བལ་ཡུལ་གྱི་ས་མཚམས་འགྲམ་འགག་སྒོར་ཟམ་པ་ཞིག་གིས་འབྲེལ་ཡོད་སྟབས་མི་སྣ་འགྲོ་བསྐྱོད་དང་དངོས་ཟོག་དབོར་འདྲེན་སྟབས་བདེ་བོ་ཡོད་པ་མ་ཟད། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་ཤོས་ས་གནས་དེ་བརྒྱུད་བལ་ཡུལ་ནང་ཡོང་བཞིན་ཡོད་པ་དང་། ས་མཚམས་དེ་བརྒྱུད་གཙོ་ཆེ་ཤོས་བཟའ་བཅའི་རིགས་དང་། དངོས་ཟོག་དབོར་འདྲེན་གྱི་ཚོང་ལམ་ཆགས་ཡོད་པ་རེད། ཕྱི་ལོ་༢༠༡༥ལོར་བལ་ཡུལ་ནང་ས་ཡོམ་རྒྱབ་སྐབས་ཟམ་པ་དེར་གཏོར་སྐྱོན་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གི་འགན་ལེན་འོག་བསྐྱར་བསྐྲུན་གྱིས་ཕྱི་ལོ་༢༠༡༨ལོར་བསྐྱར་དུ་སྒོ་ཕྱེས་ཡོད་པ་དང་། ཕྱི་ལོ་༢༠༢༢ལོར་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཤུགས་ཆེར་ཁྱབ་གདལ་བྱུང་བ་དང་འབྲེལ་སྒོ་རྒྱག་དགོས་བྱུང་སྟེ་ད་བར་སྒོ་ཕྱེ་མེད་པ་རེད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎