རྒྱ་ནག་གཞུང་གིས་མཐའ་མཚམས་ཡར་རྒྱར་ཟེར་བ་ནི་ཆབ་སྲིད་ཀྱི་ལག་ཆ་ཁོ་ནའི་ཆེད་ཡིན་པ་ཉམས་ཞིབ་པས་བརྗོད་བྱུང་།

2023.01.20
རྒྱ་ནག་གཞུང་གིས་མཐའ་མཚམས་ཡར་རྒྱར་ཟེར་བ་ནི་ཆབ་སྲིད་ཀྱི་ལག་ཆ་ཁོ་ནའི་ཆེད་ཡིན་པ་ཉམས་ཞིབ་པས་བརྗོད་བྱུང་། རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཐད་ཉམས་ཞིབ་པ་(Antara Ghosal Singh)་ལགས།
@ORF

ཉེ་ལམ་སྤྱི་ཟླ་༡པོའི་ཚེས་༡༧ཉིན། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ནང་གནས་ཚུལ་སྤེལ་བའི་ནང་། གཞུང་གི་སྲིད་བྱུས་རིམ་པར་བརྟེན་ནས་མཐའ་མཚམས་ཁུལ་གྱི་མི་མང་ཚོའི་འཚོ་བ་ཡར་རྒྱས་ཕྱིན་ཡོད་ཚུལ་བརྗོད་འདུག་པ་དང་། ད་དུང་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་ཡན་ཅིན་ཧའེ་ཡིས། འདས་པའི་ལོ་༥འི་ནང་། ང་ཚོས་མེས་རྒྱལ་སྲུང་སྐྱོབ་ཀྱིས། མཐའ་མཚམས་ཁུལ་དུ་གནས་སྡོད་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད་ལུགས་བརྗོད་འདུག་པ་མ་ཟད། ༢༠༡༨ནས་༢༠༢༢བར་མཐའ་མཚམས་ཁུལ་དུ་གྲོང་གསེབ་༦༢༤གསར་རྒྱག་ཟིན་ཡོད་པའི་ཁར། ད་ལྟའི་ཆར་སྤྱི་ཡོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་མི་འབོར་བརྒྱ་ཆ་༡༠།༥འཕར་ཟིན་ཡོད་ལུགས་བརྗོད་འདུག
འོན་ཀྱང་། གནད་དོན་དེའི་ཐད་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Observer Research Foundation)་ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཐད་ཉམས་ཞིབ་པ་(Antara Ghosal Singh)་ལགས་ཀྱིས། རྒྱ་ནག་གཞུང་གིས་ས་མཚམས་ཁུལ་དུ་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་ཡོད་ཚུལ་བསྒྲགས་པ་དེ་ནི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཙམ་ལས། དོན་དངོས་ཐོག་རྒྱ་ནག་གཞུང་གིས་ད་བར་བོད་ནང་ཡར་རྒྱས་ཀྱི་མིང་ཐོག་ནས་འཛུགས་སྐྲུན་ལས་གཞི་མང་དག་ཅིག་སྤེལ་མུས་ཡིན་པ་དེ་དག་ནི་རྒྱུན་གནས་ཐུབ་རྒྱུ་ཁག་པོ་ཡིན་ཞིང་། ལྷག་ཏུ་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་ལས་གཞི་སྤེལ་བཞིན་ཡོད་པ་དེ་དག་མ་འོངས་པ་སུས་བེད་སྤྱོད་གཏོང་གི་ཡོད་མེད་དེ་ནི་དྲི་བ་ཆེན་པོ་ཞིག་རེད། དོན་དངོས་ཐོག་མི་མང་ཚོ་ནི་གྲོང་ཁྱེར་ལས་ས་མཚམས་ཁུལ་དུ་གནས་སྡོད་བྱེད་རྒྱུ་འདོད་པ་མེད་པ་གསལ་པོ་རེད་ལ། གལ་ཏེ། མཐའ་མཚམས་ཁུལ་དུ་གཞུང་གི་རོགས་སྐྱོར་ཆད་པ་ཡིན་ན། དཔལ་འབྱོར་ལ་དཀའ་ངལ་འཕྲད་ངེས་ཡིན། མདོར་ན། རྒྱ་ནག་གཞུང་གིས་མཐའ་མཚམས་སྲུང་སྐྱོབ་ཁོ་ནར་དམིགས་ཏེ་ས་མཚམས་ཁུལ་དུ་གནས་སྤོ་བྱེད་བཅུག་གི་ཡོད་པ་མ་ཟད། གནས་སྤོས་ཟིན་པའི་མི་མང་ཚོའི་མ་འོངས་པའི་མདུན་ལམ་དང་འཚོ་བ་བརྟན་པོ་མེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འཕགས་བོད་ས་མཚམས་ཐོག་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་ད་ལྟ་གསར་རྒྱག་ཟིན་པའི་ས་མཚམས་གྲོང་གསེབ་༦༢༤ལ་ཁྱོན་ཧ་ལམ་ཨ་སྒོར་ཐེར་འབུམ་༤།༦ གི་འགྲོ་སོང་བཏང་ཡོད་པ་དང་། དེའི་ནང་དུ་མཐའ་མཚམས་ས་ཐིག་(LAC)་ཉེ་འགྲམ་དུ་རྒྱབ་ཟིན་པའི་ས་མཚམས་རིམ་པ་དང་པོ་(First-Line Border)་ཡི་གྲོང་གསེབ་༤༢༧ཡོད་པ་དེ་དག་གིས་རྒྱ་གར་དང་བལ་ཡུལ། འབྲུག་བཅས་ཀྱི་ས་ཁམས་ཆབ་སྲིད་ལ་ཐད་ཀར་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་དང་། ས་མཚམས་རིམ་པ་དང་པོའི་གྲོང་གསེབ་པ་ཚོར་ལོ་རེའི་ནང་རྒྱ་སྒོར་༤༧༠༠༠ཙམ་རོགས་སྐྱོར་སྤྲོད་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
མདོར་ན། མཐའ་མཚམས་གྲོང་གསེབ་༦༢༤དེ་དག་ས་མཚམས་ས་ཁུལ་གྱི་རྫོང་༢༡ནང་ཚུད་ཀྱི་ཡོད་ཅིང་། རྫོང་༢༡དེ་བོད་དང་ལ་དྭགས། བལ་ཡུལ། འབྲུག དེ་བཞིན་ཨ་རུ་ན་ཅལ་ས་ཁུལ་བཅས་དང་ས་འབྲེལ་ཆགས་ཡོད་པ་མ་ཟད། ད་བར་ས་མཚམས་གྲོང་གསེབ་མང་ཤོས་དེ་ལྷོ་ཁ་ས་ཁུལ་གྱི་ལྷུན་རྩེ་རྫོང་དང་། མཚོ་སྣ་རྫོང་བཅས་ནང་བརྒྱབ་ཡོད་ཅིང་། གཞན་གཞིས་ཀ་རྩེ་དང་། མངའ་རི། དེ་བཞིན་ཉིང་ཁྲི་ས་ཁུལ་བཅས་ཀྱི་རྫོང་ཁག་ནང་མཐའ་མཚམས་གྲོང་གསེབ་ཁག་བརྒྱབ་ཡོད་པ་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་ས་མཚམས་མི་མང་གི་དཔལ་འབྱོར་ཡར་རྒྱས་ཞེས་བསྒྲགས་དགོས་དོན་ནི། ས་མཚམས་ཁུལ་དུ་གནས་སྤོས་ཟིན་པའི་མི་མང་ཚོར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་པ་ཡིན་ན་མི་མང་གནས་སྡོད་བྱེད་རྒྱུ་ཁག་པོ་ཆགས་ཡོད་པར་བརྟེན། ས་མཚམས་ཀྱི་དཔལ་འབྱོར་ཡར་རྒྱས་ཞེས་དྲིལ་བསྒྲགས་བྱེད་ཀྱི་ཡོད། དེར་བརྟེན། དོན་དངོས་ཐོག་མཚམས་ཁུལ་དུ་གྲོང་གསེབ་གསར་རྒྱག་གི་དམིགས་ཡུལ་གཙོ་བོ་ཞིག་ནི་ས་ཐིག་ཁ་གསལ་མེད་པའི་ས་ཆ་རྣམས་བཙན་བཟུང་བྱ་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པ་ནི། རྒྱལ་ཁབ་བདེ་འཇགས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་ཚུལ་ཡང་ཡང་བརྗོད་དེ་ཉེ་བའི་ཆར་རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་སུ་འཛུགས་སྐྲུན་ལས་གཞི་མང་དག་ཅིག་སྤེལ་བའི་ཁར། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྟེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་སོགས་ཀྱི་མིང་ཐོག་ནས་ས་མཚམས་ཁུལ་དུ་མི་མང་གནས་སྤོས་བྱེད་རྒྱུའི་ལས་གཞི་རྒྱ་བསྐྱེད་དུ་གཏོང་མུས་ཡིན་པ་དང་། གནད་དོན་དབྱེ་ཞིབ་པ་(Antara Ghosal)་ལགས་ཀྱིས། རྒྱ་ནག་གཞུང་གིས་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་ལས་གཞི་རྒྱ་བསྐྱེད་དུ་གཏོང་བཞིན་ཡོད་དེ་ནི་རྒྱ་གར་ངོས་ནས་སོ་སོའི་བདེ་འཇགས་ཐོག་ཧ་ཅང་གི་སེམས་ཚབ་བྱེད་ཡུལ་གྱི་གནད་དོན་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཉམས་ཞིབ་པ་ཚེ་དབང་རྗོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་གསར་རྒྱབ་ཟིན་པའི་མཐའ་སྲུང་གྲོང་གསེང་དེ་དག་ནི་རྒྱ་ནག་བཅིངས་གྲོལ་དམིག་མིའི་ཕོ་ཉ་ལྟ་བུ་ཞིག་ཡིན་པ་དང་། གྲོང་གསེབ་དེ་དག་བརྒྱུད་ནས་ས་མཚམས་ཁུལ་གྱི་གནས་ཚུལ་ཁག་སྟབས་བདེ་པོའི་སྒོ་ནས་རྒྱ་ནག་གི་འབྲེལ་ཡོད་རྒྱལ་སྲུང་ལས་ཁུངས་ལ་འབྱོར་གྱི་ཡོད་པ་སོགས་དམག་དོན་ཐབས་བྱུས་དང་འབྲེལ་བ་ཡོད་པ་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎