རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད་སྐབས་བོད་དོན་གླེང་དགོས་བ་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་ལ་འབོད་སྐུལ་གནང་འདུག

ཕྱི་ཚེས་༢༠ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཨོསི་ཊརེ་ལི་ཡར་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་ཕེ་ནི་ཝོང་(Penny Wong)་གིས་རྒྱ་ནག་ནང་གཟིགས་སྐོར་གྱི་སྔ་ནུབ་ཏུ། ཁོང་གིས་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་དང་རྒྱ་ནག་གི་འགོ་ཁྲིད་གཞན་དག་ལ་བོད་དོན་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་འཕྲིན་ཡིག་ཕུལ་ཡོད་པ་རེད། ཟླ་བ་འདིའི་ཕྱི་ཚེས་༡༩ཉིན་ཕུལ་བའི་འཕྲིན་ཡིག་དེའི་ནང་། ཐོག་མར་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ནང་གི་བདུན་ཕྲག་གཅིག་རིང་གི་གཟིགས་སྐོར་ལེགས་འགྲུབ་ཡོང་བའི་སྨོན་འདུན་དང་བཅས། ཁོང་གི་གཟིགས་སྐོར་རིང་རྒྱ་ནག་ཕྱི་འབྲེལ་བློན་ཆེན་ཝང་ཡེ་དང་དེ་མིན་རྒྱ་ནག་གི་འགོ་ཁྲིད་གཞན་དག་དང་མཇལ་འཕྲད་སྐབས་སུ་གང་ཐུབ་ཀྱི་ཐབས་ཇུས་མཁྲེགས་པོའི་ཐོག་བོད་ཀྱི་གནད་དོན་གླེང་སློང་གནང་དགོས་ཞེས་འབོད་སྐུལ་ཞུས་ཏེ། ཨོསི་ཊརེ་ལི་ཡ་དང་རྒྱ་ནག་བར་འབྲེལ་མོལ་སྐབས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ཆོས་ལུགས་ཐད་སྲུང་སྐྱོང་བྱེད་རྒྱུ་ནི་ལས་དོན་གྱི་གཙོ་གནད་དུ་འཇོག་རྒྱུ་དང་། ལྷག་པར་དུ་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ད་ལྟ་གང་དུ་བཞུགས་ཡོད་མེད་ཐད་དོག་འདྲི་དང་། དེ་བཞིན་བོད་མི་སྟོང་ཕྲག་མང་པོས་རང་ཉིད་ཀྱི་གཞི་རྩའི་ཁེ་དབང་ལོངས་སྤྱོད་ཆེད་དུ་རྒྱ་ནག་གི་བཙོན་དུ་སྡུག་སྦྱོང་མྱོང་བཞིན་པ། དེ་དག་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཏེ་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་བཏང་སྟེ་རྒྱ་ནག་གིས་ཡོངས་ཁྱབ་རིན་ཐང་ཁས་ལེན་བྱས་བ་ལག་ལེན་དང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་འཇོག་བྱེད་དགོས་པའི་ཐད་འབོད་སྐུལ་ཞུས་ཡོད་པ་རེད།
དེ་བཞིན་གོང་ཞུས་འབོད་སྐུལ་ཞུ་ཡིག་ནང་། རྒྱ་ནག་གིས་བོད་ཀྱི་རིག་གཞུང་རྩ་མེད་དང་བཟོ་ལས་རྒྱ་སྐྱེད་དར་སྤེལ་གྱིས་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་ལ་གཏོར་བརླག་བཏང་བ་སོགས་ལ་རྐྱེན་བྱས་ནས་ཕྱི་ལོ་༢༠༠༩ལོ་ནས་བཟུང་བོད་མིས་རང་ལུས་མེར་བསྲེག་བཏང་བའི་གནས་སྟངས་དང་། དེ་བཞིན་བོད་ནང་མུ་མཐུད་དུ་མི་སེལ་སྤེལ་ཡུལ་གཏན་སྡོད་སློབ་གྲྭའི་གནས་སྟངས། ཡང་བོད་ནང་རྒྱ་ནག་གིས་བོད་མི་ཚོའི་(DNA)་ཁྲག་རིགས་རྒྱུད་རྫས་འཚོལ་བསྡུ་བྱེད་པ་བཅས་ཀྱི་གནད་དོན་ཐད་ད་ཐེངས་རྒྱ་ནག་ནང་གཟིགས་སྐོར་གྱི་གོ་སྐབས་དང་བསྟུན་ནས་མངོན་གསལ་ཐོག་གླེང་སློང་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
བོད་རྒྱའི་སྲིད་དོན་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། གཞི་རྩའི་ཆ་ནས་ཨོསི་ཊརེ་ལི་ཡས་རྒྱ་ནག་དང་ལྷན་དུ་ཚོང་དོན་མཉམ་ལས་གནང་འདོད་ཡོང་ཀྱང་ཡུལ་གྲུ་གཉིས་བར་མང་གཙོའི་རིན་ཐང་དང་ལམ་ལུགས་ཁག་ཁག་ཡིན་པའི་རྐྱེན་གྱིས་ལམ་སེང་འབྲེལ་ལམ་ཡག་པོ་ཡོང་རྒྱུ་ཁག་པོ་ཡིན་པ་གསུང་བྱུང་།
འདི་ཚེས་༢༩ཉིན་ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་(Australia Tibet Council)་ནས་ཀྱང་། ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་པེ་ནི་ཝོང་ལགས་སུ། ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་གཟུགས་གསལ་ཐང་དང་སྐུ་འཚོ་བཞུགས་ཡིན་མིན་སྐོར་དང་། རྒྱ་ནག་གཞུང་གིས་བོད་པའི་ཕྲུ་གུ་བརྒྱ་ཆ་༨༠ཙམ་ཕ་མ་དང་ཁ་ཐག་རིང་སའི་གཏན་འཇགས་སློབ་གྲྭར་བཅུག་པའི་གནས་སྟངས་སོགས་ཀྱི་སྐོར་གླེང་སློང་གནང་དགོས་པའི་ཞུ་ཡིག་ཕུལ་ཡོད་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།