ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་གིས་བོད་དོན་རྒྱབ་སྐྱོར་མུ་མཐུད་དུ་གནང་རྒྱུ་ཡིན་པ་གསུང་སོང་།

ཉེ་ལམ་ནས་བཞུགས་སྒར་དུ་ཨོསི་ཊརེ་ལི་ཡའི་(Australia)་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་ཕེབས་ཀྱིས་གཟིགས་སྐོར་དང་མཉམ། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་བཅས་ལ་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གོ་བསྡུར་གནང་ཡོད་ཅིང་། འདི་ཚེས་༡༩ཉིན་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Janet Rice)་ལགས་དང་། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཞོན་(Sharan Claydon)་ལགས། གྲོས་ཚོགས་འཐུས་མི་(Susane Templeman)་ལགས། གྲོས་ཚོགས་འཐུས་མི་(Janet Rice)་ལགས། (Sophia Scamps)་ལགས་བཅས་ཀྱིས། བཞུགས་སྒར་གངས་སྐྱིད་ཕྱི་དྲིལ་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་སྤེལ་ནས། བོད་མིའི་རང་དབང་དང་བདེན་མཐའ་སེལ་ཆེད་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་གྱི་ཕྱག་ལས་གནང་རྒྱུ་ཡིན་པ་བཤད་ཡོད་པ་རེད།
སྐབས་དེར་གྲོས་ཚོགས་འཐུས་མི་(Janet Rice)་ལགས་ཀྱིས། ང་ཚོ་ད་རེས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་ཏེ། ༧གོང་ས་མཆོག་གིས་འཛམ་གླིང་སྤྱི་ལ་གནང་བའི་རེ་བ་དང་། བོད་ཀྱི་གནད་དོན་གལ་ཆེའི་ཐོག་དགོངས་པ་བཞེས་སྟངས་སོགས་ཀྱིས་བློ་སྟོབས་དང་སེམས་ཤུགས་འཕེལ་སོང་བས། ང་ཚོས་མུ་མཐུད་དུ་བོད་དོན་བདེན་མཐའ་སེལ་བར་རེ་བ་རྒྱབ་ཆོག་པ་དང་། བོད་ཀྱི་རང་དབང་དང་བོད་དོན་བདེན་མཐའ་སེལ་ཆེད་རྒྱབ་སྐྱོར་དང་ཕྱག་ལས་གནང་གི་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གཞོན་པ་(Sharan Claydon)་ལགས་ནས། བོད་མི་ཚོ་བོད་ཕྱི་ནང་གང་དུ་གནས་ནའང་དཀའ་ངལ་མང་པོར་གདོང་ལེན་བྱེད་དགོས་པར་སྣང་ཆུང་གཏོང་ག་ལ་རུང་། འོན་ཀྱང་། བོད་མིའི་མང་གཙོའི་ལམ་སྲོལ་དང་ཆོད་སེམས། མི་མང་གིས་འགན་ཁུར་ཆ་ཤས་ཤུགས་ཆེར་ལེན་པའི་གནས་སྟངས་དེས། འཛམ་གླིང་ལ་དོན་སྙིང་ཡོད་པའི་གསར་གཏོད་ཀྱི་རང་བཞིན་ལྡན་པ་དང་། མང་གཙོའི་རྒྱལ་ཁབ་མང་པོས་རེ་ལྟོས་འཆའ་སའི་མིག་དཔེ་ཞིག་བསྟན་འདུག་ཅེས་འགྲེལ་བརྗོད་གནང་སོང་།
གཞན་ཡང་གྲོས་ཚོགས་འཐུས་མི་(Sophia་Scamps)་ལགས་ཀྱིས། ཨོསི་ཊརེ་ལི་ཡའི་ནང་གི་བོད་མི་སྤྱི་དང་ཁྱད་པར་ཕྲུ་གུ་ལོ་ཆུང་ཚོ་རང་གི་རིག་གཞུང་དང་སྐད་ཡིག་ལ་སྤོབས་པ་ཆེན་པོ་དང་རྒྱུན་འཛིན་གྱི་རང་དབང་ཡང་ཡོད་པར་བརྟེན། ང་ཚོ་ཡང་ཁོང་ཚོར་རྒྱབ་སྐྱོར་བྱེད་པར་སྤོབས་ཡོད་པ་མ་ཟད། ཨོསི་ཊརེ་ལི་ཡའི་ནང་བོད་མི་ཚོས་རང་གི་རིག་གཞུང་སྐད་ཡིག་གཅེས་འཛིན་བྱེད་ཆོག་པའི་རང་དབང་སྲུང་སྐྱོབ་གནང་བར། བོད་མི་ཚོས་བཀའ་དྲིན་ཆེན་པོ་ཚོར་གྱི་ཡོད་པ་གཞུང་ལ་འབོད་སྐུལ་ཡར་ཞུ་གནང་གི་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
ཁོང་ཚོ་༧གོང་ས་མཆོག་ལ་མཇལ་འཕྲད་སྐབས་གཙོ་ཆེ་ཤོས་༧གོང་ས་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་གཏོང་དགོས་པ་དང་། བོད་ཀྱི་ཁོར་ཡུག་གནས་སྟངས་ཐད་ཐུགས་འཚབ་ཡོད་པ་སོགས་བཀའ་སྩལ་ཡོད་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།