བོད་ཀྱི་འབྲོག་ཁུལ་མང་པོར་མེ་སྐྱོན་འགོག་ཆེད་ཡིན་ཚུལ་བཤད་ནས་བསང་གསོལ་རིགས་བཀག་སྡོམ་བྱེད་ཀྱི་འདུག

2022.02.25
བོད་ཀྱི་འབྲོག་ཁུལ་མང་པོར་མེ་སྐྱོན་འགོག་ཆེད་ཡིན་ཚུལ་བཤད་ནས་བསང་གསོལ་རིགས་བཀག་སྡོམ་བྱེད་ཀྱི་འདུག བོད་ཀྱི་འབྲོག་ཁུལ་དུ་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པ།
བོད་འབྱོར།/RFA

ཉེ་ལམ་སྤྱི་ཟླ་༢་པའི་ཚེས་༡་ནས་བཟུང་། རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པ་མདོ་སྨད་མཛོད་དགེ་རྫོང་དང་། ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པ་མདོ་སྨད་རྨ་ཆུ་རྫོང་། བོད་རང་སྐྱོང་ལྗོངས་ཁོངས་མངའ་རིས་ས་ཁུལ་གྱི་རྫོང་ཁག་ཅིག་བཅས་བོད་ཀྱི་འབྲོག་ས་ཁག་ཅིག་ཏུ་ལོ་སར་དང་དུས་ཆེན་སོགས་ག་རེ་ཡིན་ཡང་བོད་མི་ཚོས་བསང་གསོལ་རིགས་རྩ་བ་ནས་གཏོང་མི་ཆོག་པ་དང་། དགོན་སྡེ་ཁག་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁོ་ན་ཙམ་ལས་མི་མང་འདུ་འཛོམས་བྱ་མི་ཆོག་པ་མ་ཟད། ས་གནས་གང་སར་མེ་གསོད་དང་ཉེན་རྟོག་རུ་ཁག་བཀྲམས་ཡོད་པ་སོགས། མདོ་སྨད་རྨ་ཆུ་རྫོང་དུ་གནས་སྡོད་བོད་ནང་གི་ས་གནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་ད་དུང་རྨ་ཆུ་རྫོང་ཁོངས་སུ་སྦྱོང་བརྡར་སྣ་ཚོགས་ལ་ཁ་གཡར་ནས་བོད་མི་མང་པོ་མེ་གསོད་རུ་ཁག་དང་ཉེན་རྟོག་རུ་ཁག་ཏུ་བསྐོང་བཞིན་པ་དང་། དེ་ཚོ་ལས་ཁ་ཤས་ལས་བྱེད་ངོ་མ་ཆགས་ཡོད་ནའང་ཁག་ཅིག་ཚོད་ལྟའི་ངོ་བོར་གནས་ཡོད་པ། གནས་ཚུལ་ངོ་མ་ཅི་ཡིན་ཆ་མི་འཚལ་ནའང་གང་ལྟར་ཉེན་རྟོག་པ་ཧ་ཅང་མང་པོ་བཀྲམས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

tibet sang (1).jpeg
གཞན་ཡང་མདོ་སྨད་མཛོད་དགེ་རྫོང་ཁོངས་སུའང་ལོ་སར་གྱི་སྐབས་ཙམ་ནས་བཟུང་། རྒྱ་ནག་གཞུང་གིས་བཀའ་རྒྱ་བཀྲམས་ནས་མི་མང་འདུ་འཛོམས་གང་བྱུང་བྱས་མི་ཆོག་པ་དང་། འབྱུང་འགྱུར་དབྱར་ཁ་གླིང་ཟླའི་བསང་གསོལ་གྱི་སྐབས་མ་གཏོགས། དགུན་ཁ་འབྲོག་ས་ཁག་ཏུ་རྩྭ་སྐྱ་དང་རྩྭ་སྐམ་འཕོན་ཆེ་ཡོད་པར་མེ་ཤོར་རྒྱུའི་ཉེན་ཁ་ཆེ་ཚུལ་བཤད་ནས། ལོ་རྟག་པར་རང་དབང་གིས་བོད་མི་ཚོར་བསང་གསོལ་གཏོང་རྒྱུའི་གོམས་སྲོལ་ཡོད་པ་དེ། རྒྱ་ནག་གཞུང་གིས་རྩ་གཅོད་གཏོང་ཐབས་བྱེད་བཞིན་པ། མཛོད་དགེ་ས་གནས་ཀྱི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་གི་འདུག
ཡང་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་པ་གཞིར་བཟུང་ན། བོད་རང་སྐྱོང་ལྗོངས་ཀྱི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དང་མཚོ་ཆེན་རྫོང་གི་གྲོང་བརྡལ་དང་ས་གནས་ཁག་ཏུ། སྤྱི་ཟླ་༢་པའི་ཚེས་༡༨་ནས་བཟུང་བོད་ཀྱི་ལོ་སར་སླེབས་ལ་ཉེ་བར་བརྟེན། རྒྱ་ནག་གཞུང་གིས་བཀའ་རྒྱ་བཀྲམས་ཏེ་མི་མང་འདུ་འཛོམས་མི་ཆོག་པ་དང་། བསང་གསོལ་དང་རླུང་རྟ་འདོགས་པ་མི་ཆོག་ཅེས་བཀའ་བཏང་བ་མ་ཟད། ས་གནས་ཉེན་རྟོག་དམག་མི་ཁག་བགོས་ཀྱིས་དགོན་སྡེ་ཁག་དང་གྲོང་དང་གྲོང་ཁྱེར། ཐ་ན་འབྲོག་ས་ཁག་ཏུའང་བོད་རིགས་མི་མང་གི་ཐོག་དམ་དྲག་བྱེད་བཞིན་པར་བརྟེན། ད་ལོ་བོད་ཀྱི་ལོ་སར་རྟེན་འབྲེལ་ལ་རོལ་རྒྱུ་ཧ་ལམ་དཀའ་མོར་གྱུར་ཡོད་པ་གནས་ཚུལ་མཁོ་སྤྲོད་པ་ཚོས་ཡིག་ཐོག་ནས་ངོ་སྤྲོད་གནང་བྱུང་།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎