དྲུག་བཞིའི་ངོ་རྒོལ་བས་ཉི་ཧོང་ནང་ངོ་རྒོལ་སྤེལ།
2010.06.06
༄༅༎རྒྱ་ནག་གི་དྲུག་བཞིའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་སྐབས་འགོ་ཁྲིད་མཁན་གྲས་ཡིན་པ་ལྦུ་ཨེར་ཀའེ་ཤི་ཡིས་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་༢༡འཁོར་བའི་ཉིན་ཉི་ཧོང་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་གྱིས་འཛུལ་རྩིས་བྱས་པའི་སྐབས་ཉི་ཧོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཀྱང་དེ་རིང་གློད་བཀྲོལ་བཏང་ཡོད་པ་རེད།
ལོ་ན་༤༢ཡིན་པའི་ལྦུ་ཨེར་ཀའེ་ཤི་ནི་ཡུ་གུར་མི་རིགས་ཤིག་ཡིན་པ་དང༌། དེ་སྔ་ཕྱི་ལོ་༡༩༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སློབ་ཕྲུག་གིས་དམངས་གཙོའི་ལས་འགུལ་གཞི་རྒྱ་ཆེན་པོ་དེ་སྤེལ་བའི་སྐབས་འགོ་ཁྲིད་མཁན་གྲས་ཞིག་ཡིན་པ་མ་ཟད། སློབ་ཕྲུག་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་ལའང་མཉམ་ཞུགས་བྱས་ཏེ་མཐར་སྨན་ཁང་དུ་བསྐྱལ་དགོས་བྱུང་བ་དང༌། རྒྱ་ནག་གཞུང་གི་དཔོན་རིགས་དང་སློབ་ཕྲུག་གི་དབར་ལ་སྐད་ཆ་ཤོད་མཁན་གྱི་འཐུས་མིའི་གྲས་ཀྱང་ཡིན་ཞིང༌། ཁོང་ནི་རྒྱ་ནག་གཞུང་གིས་དྲུག་བཞིའི་དོན་རྐྱེན་གྱི་བྱེད་ལྟེའི་གྲས་འཛིན་བཟུང་བྱེད་རྒྱུའི་ཉེས་ཅན་པ་ཨང་གཉིས་པ་དེ་ཡིན་པ་རེད། ཁོང་གིས་རེས་གཟའ་པ་སངས་ཉིན་དེ་སྔ་ཕྱི་ལོ་༡༩༨༩ལོའི་ཕྱི་ཟླ་དྲུག་པའི་ཚེས་༤ཉིན་རྒྱ་ནག་གཞུང་གིས་དམངས་གཙོའི་སློབ་ཕྲུག་ཐོག་དྲག་གནོན་བྱས་ཏེ་སློབ་ཕྲུག་བརྒྱ་ཕྲག་རྐྱེན་འདས་སུ་ཕྱིན་ཏེ་མི་ལོ་༢༡ འཁོར་བའི་ཉིན་ཉི་ཧོང་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་འཛུལ་རྩིས་བྱས་པའི་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་ཀྱང་ཉིན་གཉིས་དོ་དམ་བྱས་པའི་རྗེས་དེ་རིང་གློད་བཀྲོལ་ཐོབ་པ་དང༌། ཁོང་གློད་བཀྲོལ་ཐོབ་པའི་རྗེས་ཉི་ཧོང་ས་གནས་ཀྱི་གསར་འགྱུར་ལས་ཁང་གིས་དྲི་བ་བྱེད་པའི་སྐབས་ཁོང་གི་གནས་སྟངས་ཧ་ཅང་གི་ཛ་དྲག་པོ་ཞིག་ཡིན་ནའང་རྒྱ་ནག་ཏུ་ཕྱིར་ལོག་བྱེད་རྩིས་འབད་བརྩོན་བྱེད་བཞིན་ཡོད་ལུགས་དང༌། མཐའ་ན་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ནའང་ཕ་མ་གཉིས་དང་ཐུག་འཕྲད་བྱེད་འདོད་ཆེན་པོ་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། ལྦུ་ཨེར་ཀའེ་ཤི་༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམངས་གཙོའི་སློབ་ཕྲུག་གི་ལས་འགུལ་དེ་བྱུང་བའི་རྗེས་ཁོང་ཨ་མི་རི་ཀའི་ནང་སྡོད་མྱོང་ཡོད་པ་དང༌། དེ་རྗེས་ཐེ་ལྦན་དུ་གནས་སྡོད་བྱེད་བཞིན་ཡོད་ཅིང༌། ད་བར་ཕ་མ་དང་ནང་མི་ཐུག་འཕྲད་མ་བྱུང་བར་མི་ལོ་༢༡་འགྲོ་གི་ཡོད་པ་རེད།