རྒྱ་གར་ཐུ་ལ་སན་དྷ་ར་པུ་རམ་གནས་སྡོད་མི་རྣམས་ནས་ཀ་མ་ལ་ཧེ་རིས་ལ་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་རྒྱུའི་རེ་བ་གནང་བཞིན་པ།

2024.11.05
རྒྱ་གར་ཐུ་ལ་སན་དྷ་ར་པུ་རམ་གནས་སྡོད་མི་རྣམས་ནས་ཀ་མ་ལ་ཧེ་རིས་ལ་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་རྒྱུའི་རེ་བ་གནང་བཞིན་པ། ཐུ་ལ་སན་དྷ་ར་པུ་རམ་ས་གནས་མི་རྣམས་ནས་ཀ་མ་ལར་རྒྱབ་སྐྱོར་གནང་བཞིན་པའི་རྣམ་པ། ༢༠༢༤།༡༡།༠༥ ཉིན།
RFA/ Pema Ngodup

ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་གཟིགས་རྒྱུར་འདིར་མནན།

རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དྷུ་མངའ་སྡེའི་ཐུ་ལ་སན་དྷ་ར་པུ་རམ་ཞེས་པའི་རྒྱ་གར་གྲོང་གསེབ་ཅིག་ཡིན་ཞིང་གྲོང་གསེབ་འདིའི་ནང་་ཨ་རི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་སྐུ་ཀ་མ་ལ་ཧ་རིས་ཀྱི་རང་གི་ཨ་མའི་པ་ལགས་ཁྱིམ་རྒྱུད་ཀྱི་གྲོང་གསེབ་ཅིག་ཡིན་པ་དང་། ཟླ་བ་འདིའི་ཕྱི་ཚེས་་༥་ཉིན་ཨ་རིའི་སྲིད་འཛིན་འོས་བསྡུ་འགྲོ་བཞིན་པ་དང་བསྟུན་གྲོང་གསེབ་འདིའི་མི་མང་ཚོས་ཀ་མ་ལ་ཧེ་རིས་ནི་གྲོང་གསེབ་འདིའི་བུ་མོ་ལྟ་བུ་ཞིག་ལ་ངོས་འཛིན་གྱིས། ཁོང་ལ་སྲིད་འཛིན་འོས་ཐོབ་རྒྱུར་ས་གནས་དེའི་འགོ་ཁྲིད་ཀྱིས་འགན་བཞེས་པའི་ཐོག་ནས་ལྷ་ཁང་དེར་མཆོད་འབུལ་སྨོན་ལམ་བརྒྱུད་ཀ་མ་ལ་ཧེ་རིས་ཐོབ་རྒྱུར་རེ་བ་ཆེན་པོ་གནང་གི་ཡོད་པ་རེད་འདུག གོང་དུ་གྲོང་གསེབ་དེའི་འགོ་ཁྲིད་ཨ་རུ་ན་མུར་ལི་སུ་དྷ་གྷར་Aruna Murli Sudhagarལགས་ཀྱིས་གསུངས་པ་ལྟར་ན། ང་ཚོས་གྲོང་གསེབ་འདིའི་ཐོག་ནས་ནམ་རྒྱུུན་ཀ་མ་ཧེ་རིས་འོས་བསྡུའི་རྒྱལ་ཁབ་ཐོབ་རྒྱུར་སྨོན་ལམ་འདེབས་བཞིན་ཡོད་པ་མ་ཟད། ད་ལན་དམིགས་བསལ་ལྷ་ལ་འཁྲུས་གསོལ་གྱི་མཆོད་འབུལ་སོགས་བྱེད་དེ་ཀ་མ་ལ་ཧེ་རིས་འོས་བསྡུའི་རྒྱལ་ཁབ་ཐོབ་རྒྱུའི་རེ་བ་དང་དགའ་ཚོར་ཆེན་པོ་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

ཡང་གྲོང་གསེབ་དེའི་ནང་གནས་བཞུགས་སྣུམ་གྱི་བཟོ་ཚོང་ལས་ཁང་ཞིག་ཏུ་ཕྱག་ལས་གནང་ཏེ་རྒན་ཡོལ་ཐོན་པ་ཨན་བྷར་སུ་་(Anbarsu) ལགས་ཀྱིས་བརྗོད་དོན་ལ། ཀ་མ་ལ་ཧེ་རིས་ཨ་མའི་ཕ་རྒྱུད་ནི་ལུང་པ་འདི་ནས་ཡིན་ཞིང་ད་ལྟ་ཁོང་ཚོའི་ནང་མི་ས་གནས་སུ་མེད་ན་ཡང་། ཀ་མ་ལ་ཧེ་རིས་ལགས་ཀྱི་སྲུ་མོས་མཚོན་པའི་ནང་མི་རྣམས་ཡང་ཡང་ས་གནས་སུ་ཡོང་བ་དང་ལྷག་པར་དུ་ལྷ་ཁང་འདིར་མཆོད་འབུལ་བྱེད་པ་མ་ཟད། ཁོ་མོའི་སྲུ་མོ་ས་ར་ལ་(Sarala) དང་ཀ་མ་ལ་ཧེ་རིས་གཉིས་ཀྱི་མིང་ཐོག་ནས་ལྷ་ཁང་ཉམས་གསོའི་ཆེད་ཞལ་འདེབས་ཧིན་སྒོར་ ༥༠༠༠ ཕུལ་ཡོད་པ་སོགས་གང་ལྟར་གྲོང་གསེབ་འདི་དང་ཀ་མ་ལ་ཧེ་སི་ཁྱིམ་ཚང་དབར་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། གྲོང་གསེབ་དེའི་མི་མང་རྣམས་ནས་ཀ་མ་ལ་ཧེ་རིས་འོས་བསྡུའི་རྒྱལ་ཁ་ཐུབ་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

unnamed (8).jpg
ཐུ་ལ་སན་དྷ་ར་པུ་རམ་ས་གནས་མི་རྣམས་ནས་ཀ་མ་ལར་རྒྱབ་སྐྱོར་གནང་བཞིན་པའི་རྣམ་པ། ༢༠༢༤།༡༡།༠༥ ཉིན།

ཡང་གྲོང་ཚོ་དེ་ནས་ཡིན་པ་ད་ཆ་སིང་གྷ་པུར་གྱི་ནང་ལས་དོན་གཉེར་བཞིན་པ་ན་གཞོན་གྷོ་པི་ནཐ་(Gopinath) ལགས་ཀྱིས་བརྗོད་དོན་ལ། ང་རང་ལུང་པ་འདི་ནས་འཚར་ལོང་བྱུང་བའི་ན་གཞོན་ཞིག་ཡིན་པས་ང་ཚོས་ཀ་མ་ཧེ་རིས་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུར་སྤྲོ་སེམས་འཁོལ་བའི་ངང་ནང་ངང་སྒུག་བྱེད་ནས་བསྡད་ཡོད། གལ་སྲིད་ཁོང་འོས་བསྡུའི་རྒྱལ་ཁ་ཐོབ་པ་ཡིན་ན་ང་ཚོས་སྤོབས་ཆེན་པོ་བྱེད་ཆོག་གི་འདུག རྒྱུ་མཚན་ནི་ཁོང་ལུང་པ་ཆུང་ཆུང་ཞིག་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་འགོ་ཁྲིད་ཆགས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

དེ་རིང་རྒྱ་གར་ཧིན་དྷུའི་ལྷ་ཁང་དེར་ཨ་རི་ནས་བུད་མེད་གསུམ་ཀ་མ་ལ་ཧེ་རིས་སྲིད་འཛིན་འོས་ཐོབ་རྒྱུར་རྒྱབ་སྐྱོར་ཆེད་སྟོད་གོས་ནག་པོ་གྱོན་ཞིང་། ལྷ་ཁང་དུ་མཆོད་འབུལ་ཆེད་ཆེད་དུ་ཕེབས་པའི་བེུད་གཅིག་གིས་བརྗོད་དོན་ལ། ང་ཚོས་ཀ་མ་ལ་ཧེ་རིས་ཕ་མེས་ཀྱི་ལུང་པར་ཡོང་ནས་ཁོང་ལ་རྒྱབ་སྐྱོར་གྱིས་ཧིན་དྷུའི་ལྷ་ཁང་འདིའི་ནང་མཆོད་འབུལ་ཆེད་བསླེབས་པ་ཡིན། རྒྱུ་མཚན་ནི་ང་ཚོས་ཁོང་སྲིད་འཛིན་ལ་ངེས་པར་འཁོད་དགོས་པར་མཐོང་སྟེ་ཡོང་བ་ཡིན་ཞེས་བརྗོད་བྱུང་།

unnamed (9).jpg
ཐུ་ལ་སན་དྷ་ར་པུ་རམ་ས་གནས། ༢༠༢༤།༡༡།༠༥ ཉིན།

རང་ལོ་ ༦༠ ལ་སོན་པའི་ལྕམ་སྐུ་ཀ་མ་ལ་ཧེ་རིས་ནི་ཨ་རི་ཀེ་ལི་ཕོར་ནི་ཡའི་ནང་སྐྱེས་ཤིང་། ཁོ་མོའི་ཨ་མ་རྒྱ་གར་བ་དང་ཕ་ཨཕ་རི་ཀ་ཇ་མེཀ་ཀ་ནས་ཡིན་ཞིང་། ཁོ་མོའི་ཕ་མ་གཉིས་པོས་ཨ་རིའི་ནང་སློབ་སྦྱོང་གི་ཆེད་གཞིས་སྤོས་བྱས་ཡོད་པ་ཞིག་རེད་འདུག ༢༠༢༠ ལོར་ཀ་མ་ལ་ཧེ་རིས་ནི་ཨ་རིའི་སྲིད་འཛིན་གཞོན་པར་འདེམས་བསྐོ་བྱུང་བ་དེ་ནི་ཨེ་ཤེ་ཡའི་མི་རིགས་ཤིག་ཨ་རིའི་རྒྱལ་ཁབ་ཏུ་གོ་གནས་མཐོ་ཤོས་གཉིས་པ་འཛིན་མཁན་ཐོག་མ་དང་བེུད་མེད་ཀྱི་སྲིད་འཛིན་གཞོན་པ་ཐེངས་དང་པོ་ཡིན་པ་མ་ཟད། ཨ་རིའི་ནང་མི་རིགས་ནག་པོའི་སྲིད་འཛིན་གཞོན་པ་ཆགས་མཁན་ཐེངས་དང་པོ་དེ་ཆགས་ཡོད་པ་སོགས་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཏུ་གྱུར་ཡོད་པ་རེད། གལ་ཏེ་ཐེངས་འདིར་ཁོ་མོ་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་ཡིན་ན། ཨ་རིའི་ལོ་རྒྱུས་ཁྲོད་ལོ་ངོ་ ༢༥༠ རྗེས་བེུད་ཀྱི་སྲིད་འཛིན་འདེམས་བསྐོ་བྱུང་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎