ཨ་རིའི་ཐར་མོ་ཧྥི་ཤར་ཚན་རྩལ་ཁང་གིས་ངེས་པར་དུ་(DNA)་བརྟག་དཔྱད་ཡོ་ཆས་རྒྱ་ནག་ཡོངས་སུ་ཚོང་བསྒྱུར་མཚམས་འཇོག་དགོས་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བས་འབོད་སྐུལ་གནང་འདུག

2024.01.26
ཨ་རིའི་ཐར་མོ་ཧྥི་ཤར་ཚན་རྩལ་ཁང་གིས་ངེས་པར་དུ་(DNA)་བརྟག་དཔྱད་ཡོ་ཆས་རྒྱ་ནག་ཡོངས་སུ་ཚོང་བསྒྱུར་མཚམས་འཇོག་དགོས་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བས་འབོད་སྐུལ་གནང་འདུག ཨ་རིའི་(Thermo Fisher)་ཚན་རྩལ་ཁེ་གཉེར་བཟོ་ཚོང་ཁང་།
Reuters

དེ་ཡང་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལས་ཚབ་མ་ཡ་ཝང་(Maya Wang)་ལགས་དང་། སྦེལ་ཇམ་གྱི་(University of Leuven)་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་(Yves Moreau)་རྣམ་གཉིས་ཀྱིས་(The Hill)་ཞེས་པའི་གསར་ཤོག་ནང་དཔྱད་རྩོམ་ཞིག་སྤེལ་ཡོད་པའི་ནང་། ཨ་རིའི་(Thermo Fisher)་ཚན་རྩལ་ཁེ་གཉེར་བཟོ་ཚོང་ཁང་གིས་ལོ་འདིའི་ཕྱི་ཟླ་དང་པོའི་ཚེས་ལྔ་ཉིན་བོད་ནང་ཁྲག་ཪིགས་རྒྱུད་རྫས་(DNA)་བརྟག་དཔྱད་ཡོ་ཆས་ཚོང་བསྒྱུར་བྱེད་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་ཡོད་པ་གཅིག་མཚུངས། དེ་སྔ་༢༠༡༩་ལོར་ཡང་ཚན་རྩལ་ཁེ་གཉེར་བཟོ་ཚོང་ཁང་དེས་ཤིན་ཅིང་ངམ་ཤར་ཏུར་ཀིསུ་ཐན་ནང་ཁྲག་ཪིགས་རྒྱུད་རྫས་(DNA)་བརྟག་དཔྱད་ཡོ་ཆས་ཚོང་བསྒྱུར་བྱེད་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད།
བོད་མི་དང་ཡུ་གུར་བའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་ཚན་རྩལ་ཁེ་གཉེར་ཁང་དེས་ཐག་གཅོད་དེ་འདྲ་གནང་བ་ནི་གལ་ཆེན་དང་དགའ་བསུ་ཞུ་འོས་བ་ཡིན་མོད། ཁྲག་ཪིགས་རྒྱུད་རྫས་(DNA)་བརྟག་དཔྱད་ཡོ་ཆས་མུ་མཐུད་དུ་རྒྱ་ནག་ནང་ཚོང་བསྒྱུར་བྱེད་ཀྱི་ཡོད་པ་དེས་རང་བཞིན་གྱིས་འཕྲུལ་རིག་ཡོ་ཆས་དེ་དག་རྒྱ་ནག་གཞུང་གིས་བེད་སྤྱོད་ལོག་པར་བཏང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གཏོང་རྒྱུའི་ཆེད་ལག་བསྟར་བྱེད་ཀྱི་རེད། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཤིན་ཅང་དང་བོད་ནང་འཕྲུལ་རིག་ཡོ་ཆས་དེ་དག་བེད་སྤྱོད་བཏང་ནས་ཡུལ་མིའི་འགྲོ་སྡོད་སྤྱོད་གསུམ་ཐད་སོ་ཉུལ་དང་། དེ་བརྒྱུད་ནས་འཛིན་བཟུང་བཀག་ཉར་བྱེད་རྒྱུའི་ལག་ཆ་ལྟ་བུར་ཆགས་ཡོད་པ་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་ཁག་ནས་ཐེར་འདོན་བྱས་ཡོད་ལུགས་ལུང་འདྲེན་དང་བཅས། ཨ་རིའི་(Thermo Fisher)་ཚན་རྩལ་ཁེ་གཉེར་བཟོ་ཚོང་ཁང་གི་ངོས་ནས་བོད་དང་ཤིན་ཅིང་གི་མངའ་ཁུལ་ཙམ་མིན་པར་རྒྱ་ནག་ཁྱོན་ཡོངས་སུ་ཁྲག་ཪིགས་རྒྱུད་རྫས་(DNA)་བརྟག་དཔྱད་ཡོ་ཆས་ཚོང་བསྒྱུར་ངེས་བར་དུ་མཚམས་འཇོག་བྱེད་དགོས་བ་དང་། གལ་སྲིད་འཕྲུལ་རིག་ཡོ་ཆས་དེ་དག་དགོས་ངེས་ཅན་ཡོད་པ་ཡིན་ན་བེད་སྤྱོད་ལོགས་པར་མི་འགྲོ་བ་དང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་མི་གཏོང་བ་ཞིག་ངེས་པར་དུ་དགོས་རྒྱུའི་ཆོད་གན་འཇོག་དགོས་པ་མ་ཟད། བཟོ་ཚོང་ལས་ཁང་གི་ངོས་ནས་ཀྱང་དེ་དག་གི་ཐོག་སྟངས་འཛིན་བྱེད་དགོས་པའི་འགན་འཁྱེར་དགོས་ཀྱི་རེད་ཅེས་འཁོད་འདུག
ཉེ་ལམ་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་བར་བརྒལ་འགན་འཛིན་(Maya Wang)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཀྱི་ཐག་གཅོད་དེ་ཙམ་གྱིས་འགྲིག་ཐབས་མེད་པར་རྒྱ་ནག་གཞུང་གིས་རྒྱ་ནག་དང་བོད། ཤིན་ཅང་ནང་དུ་དམ་དྲག་བྱ་རྒྱུའི་ཆེད་དུ། རྒྱ་ནག་ནང་དང་དམིགས་བསལ་བོད་དང་ཤིན་ཅང་ནང་གི་མི་དམངས་ཀྱི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་བྱེད་པའི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པར་བརྟེན་ནས། ཨ་མི་རི་ཀའི་(Thermo Fisher)་ཚན་རྩལ་ལས་ཁང་གིས། རྒྱ་ནག་གཞུང་དང་ཚོང་འབྲེལ་མཉམ་ལས་ཀྱི་ལས་དོན་ཕྱོགས་ཡོངས་ཀྱི་ཐོག་ལ་ངེས་པར་དུ་བསྐྱར་ཞིབ་བྱ་དགོས་པ་མ་ཟད། ཚན་རྩལ་ལས་ཁང་དེ་ཡིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་(DNA)་ཁྲག་རིགས་རྒྱུད་རྫས་བསྡུ་རུབ་ཆེད་བེད་སྤྱོད་གཏོང་བཞིན་པའི་འཕྲུལ་ཆས་རྒྱ་ནག་གཞུང་ལ་བཙོང་རྒྱུ་ངེས་པར་དུ་མཚམས་འཇོགས་བྱ་དགོས་ཀྱི་རེད་ཅེས་གསུངས་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎