བོད་ནང་གཏན་འཇགས་སློབ་གྲྭ་དང་གནས་སྤོའི་སྲིད་ཇུས་མཚམས་འཇོག་དགོས་བ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་སྐུལ་མ་གནང་འདུག

དེ་ཡང་ཕྱི་ཚེས་༦ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རིག་གཞུང་ཐོབ་ཐང་བཅས་ཀྱི་ཚོགས་ཆུང་གིས། རྒྱ་ནག་གི་སྲིད་ཇུས་ཐད་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་གསུམ་པའི་མཇུག་བསྡོམས་སུ། རྒྱ་ནག་གཞུང་གིས་བོད་ནང་ཞིང་འབྲོག་མི་མང་གནས་སྤོ་དང་། བོད་ཕྲུག་སློབ་མ་རྣམས་བཙན་ཤེད་ཀྱིས་གཞུང་གི་སྟངས་འཛིན་བྱེད་པའི་གཏན་འཇགས་སློབ་གྲྭ་ཟེར་བར་འཇུག་བཞིན་པའི་སྲིད་ཇུས་མཚམས་འཇོག་བྱེད་དགོས་པའི་སྐུལ་མ་གནང་འདུག
གོང་གསལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་དེ་བཞིན་ཆེད་མཁས་པའི་རྟོག་ཞིབ་མི་སྣ་ཁག་ལས་གྲུབ་པའི་ཚོགས་ཆུང་ཞིག་ཡིན་པ་དང་། ད་དུང་ཚོགས་ཆུང་དེའི་མཐའ་སྡོམ་ནང་། བོད་མི་གཙོས་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་མི་རིགས་གཞན་རྣམས་སོ་སོའི་སྐད་ཡིག་དང་ལོ་རྒྱུས་རིག་གཞུང་བཅས་པ་སློབ་ཁྲིད་དང་སྲུང་སྐྱོབ་གྱི་ཐད་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པའང་གསལ་འདོན་གནང་ནས། བོད་ནང་ངལ་རྩོལ་གྱི་གནས་སྟངས་དང་ངལ་རྩོལ་གྱི་སྲིད་ཇུས་དང་འབྲེལ་དེ། བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་གྱི་ཡོད་མེད་ཐད་རང་དབང་ཅན་གྱིས་རྟོགས་ཞིབ་དགོས་པ་གསུངས་འདུག་ལ། བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དང་། ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་བཅས་པའི་ནང་། བོད་ཀྱི་དགོན་སྡེ་ཁག་དང་། ཁ་ཆེའི་ལྷ་ཁང་དང་ཆོས་ཁང་། དེ་བཞིན་དུར་ས་སོགས་གཏོར་བཤིག་གཏོང་བཞིན་པར་བློ་ཚབས་ཆེན་པོ་ཡོད་པ་གསལ་འདོན་གནང་འདུག
དེའི་ཐད་ཇར་མན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་(Kai Muller)་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། བོད་མིའི་ངོ་བོ་དང་བཅས་བ་རྩ་མེད་གཏོང་ཆེད་གོ་རིམ་དང་འཆར་གཞི་ལྡན་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། ད་རེས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་དཔལ་འབྱོར་དང་སྤྱི་ཚོགས་རིག་གཞུང་ཐོབ་ཐང་བཅས་ཀྱི་ཚོགས་ཆུང་ནས་དེ་དག་ཐེར་འདོན་གནང་པ་གནང་བ་ལྟར། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་གཏན་འཇགས་སློབ་གྲྭ་ཟེར་བ་དང་ཞིང་འབྲོག་མི་མང་གནས་སྤོའི་སྲིད་ཇུས་མཚམས་འཇོག་དགོས་བ་གཙོས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་སྲིད་ཇུས་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་རན་པ་གསུངས་འདུག
རྒྱལ་ཚོགས་ཀྱི་གོང་གསལ་ཚོགས་ཆུང་ནས་རྒྱ་ནག་གི་ཐོག་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་གསུམ་པ་དེ་བཞིན་ཉེ་སྔོན་ཕྱི་ཟླ་༢པའི་ཚེས་༡༥དང་༡༦བཅས་ཉིན་གཉིས་རིང་ཚོགས་ཡོད་པ་རེད།།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།