ཏཱ་ལའི་བླ་མའི་ལམ་སྲོལ་འདི་མུ་མཐུད་གནས་དགོས་མིན་སྐོར།
2011.08.13
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོངས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཏཱ་ལའི་བླ་མའི་ལམ་སྲོལ་འདི་ཡང་མུ་མཐུད་གནས་དགོས་མིན་ནི་བོད་མི་མང་གིས་ཐག་གཅོད་བྱེད་ངེས་ཡིན་ཞེས་ཕེ་རེན་སིར་སླར་ཡང་བཀའ་སྩལ་གནང་འདུག
༧གོང་ས་མཆོག་གིས་ཕེརེན་སིར་ཉིན་གཉིས་རིང་ཆོས་འབྲེལ་གནང་བཞིན་པ་རེད། ༧གོང་ས་མཆོག་གི་མཚན་སྙན་འཛམ་གླིང་ཁྱོན་ཡོངས་ནང་ཇེ་ཆེར་འགྲོ་བཞིན་པ་ལྟར་ཕེ་རེན་སིའི་གྲོང་ཁྱེར་ཀྲུ་ལུ་སེ་རུ་དད་ལྡན་ཆོས་ཞུ་བ་མི་མང་བདུན་སྟོང་བརྒལ་བ་འདུ་འཛོམས་བྱུང་བ་ནི་དེ་སྔ་དང་བསྡུར་ན་བརྡབ་མང་འཕར་ཡོད་པ་མཐོང་ཆོས་གྲུབ་འདུག ༧གོང་ས་མཆོག་གི་ཡང་སྲིད་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་དུ་༧གོང་ས་མཆོག་གི་ཡང་སྲིད་ཀྱི་ཐག་གཅོད་བྱེད་དབང་མགོན་པོ་གང་ཉིད་ལ་ཡོད་པ་ལས་གཞན་སུ་ལ་ཡང་མེད་ཅེས་དང་། སྐྱེ་བ་སྔ་ཕྱི་ཁས་ལེན་བྱེད་ན། ཡང་སྲིད་ལ་ཡིད་ཆེས་ཡོང་གི་ཡོད་ཅིང་། ཆོས་དུག་ལ་འཛིན་པའི་རྒྱ་ནག་གུང་གྲན་ཏང་གིས་དང་པོ་སྐྱེ་བ་སྔ་ཕྱིར་ཡིད་ཆེས་བྱེད་དགོས་ཀྱི་རེད་ཅེས་༧གོང་ས་མཆོག་གིས་བཀའ་ལན་བསྩལ་འདུག
༧གོང་ས་མཆོག་གིས་སྒོམ་རིམ་བར་པ་དང་་བདེ་སྐྱིད་འཆོལ་བ་ཞེས་པའི་ཐོག་གསུང་ཆོས་བཀའ་དྲིན་སྩོལ་བཞིན་པ་རེད། ཡང་རྒྱ་རིགས་མཁས་དབང་ཚོས་བོད་ཀྱི་དངོས་ཐོག་བདེན་པའི་གནས་ཚུལ་ཤེས་རྟོགས་བགྱིས་ཏེ་རྒྱ་བོད་གཉིས་ཀྱི་འབྲེལ་ལམ་བཟང་ཕྱོགས་སུ་འགྱུར་རྒྱུར་ཕན་ཐོག་བྱུང་བ་མ་ཟད། མགོན་པོ་གང་ཉིད་ལ་ཡང་བློ་སྤོབས་སྤེལ་ཡོད་ལུགས་༧གོང་ས་མཆོག་གིས་བཀའ་གནང་འདུག ད་ཆ་༧གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་ཡོངས་རྫོགས་བོད་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་རྩིས་སྤྲོད་གནང་ཟིན་པ་དེ་ལྟར་ཡང་། མང་གཙོའི་ལམ་སྲོལ་རྩ་འཛུགས་བརྟན་པོ་བཟོ་གནང་མཛད་རྒྱུའི་དགོངས་བཞེད་རིང་ནས་ཡོད་པ་ནི། སྔ་རྗེས་སུ་ཕེབས་པའི་གསུང་འཕྲིན་ནས་རྟོགས་ཐུབ་པ་ཡིན། དཔེར་ན། ཕྱི་ལོ་ ༡༩༦༩ ལོར་གསུམ་དུས་གསུང་འཕྲིན་དུ་“བོད་འཛིན་སྐྱོང་བྱེད་པའི་གོ་སྐབས་བོད་མི་ཚོར་བྱུང་བའི་ཉིན་བོད་ཀྱི་སྲིད་གཞུང་ཇི་འདྲ་ཞིག་འཛུགས་མིན་ནི་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་མ་ཟད། ཏཱ་ལའི་བླ་མས་འཛིན་སྐྱོང་བྱེད་པའི་གཞུང་གི་སྲོལ་ལུགས་འདི་ཡང་ཡོང་གི་ཡོད་མེད་ངེས་པ་མེད། མ་འོངས་པའི་བོད་ཀྱི་ཐག་གཅོད་ནི་བོད་མི་མང་རང་གིས་བྱེད་ངེས་ཡིན་ཞིང༌། ལྷག་པར་དེང་དུས་ཤེས་ཡོན་སྦྱང་བརྩོན་བྱས་པའི་གཞོན་སྐྱེས་ཡར་ཐོན་ཅན་ཚོའི་བསམ་ ཚུལ་གྱི་ནུས་ཤུགས་འདོན་ངེས་ཡིན་”ཞེས་དང༌། དེ་བཞིན་ ༡༩༨༨ ལོའི་གསུམ་དུས་གསུང་འཕྲིན་ནང་“ངས་དེ་སྔོན་ནས་ཐེངས་མང་ཤོད་མྱོང་བ་ལྟར། ཏཱ་ལའི་བླ་མའི་ལམ་སྲོལ་འདི་ཡང་མུ་མཐུད་གནས་དགོས་མིན་ནི་བོད་མི་མང་གིས་ཐག་གཅོད་བྱེད་ངེས་ཡིན།” ཞེས་དང༌། ། དེ་བཞིན་སྔ་ལོ་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྐབས་སུའང་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་དགོས་ངེས་རྣམས་བསྐྱར་བཅོས་ཀྱིས་ངོས་ནས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མ་དགོས་པ་ཞིག་ངེས་པར་བྱེད་དགོས་ཞེས་སོགས་གསུང་འཕྲིན་ཕེབས་པ་ནས་གསལ་པོར་རྟོགས་ཐུབ་པ་ཡིན༎