༧གོང་ས་མཆོག་ཉི་ཧོང་ནང་ཆིབས་བསྒྱུར་བསྐྱངས་བཞིན་པ།
2010.11.08
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཉི་ཧོང་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་བཞིན། དེ་རིང་སྔ་དྲོ་ཉི་ཧོང་གི་གནའ་བོའི་ནང་པའི་གྲོང་ཁྱེར་ན་ར་ནང་ཞབས་གསོར་འཁོད་དེ། གྲོང་ཁྱེར་དེའི་དབུས་སུ་ཆགས་པའི་རི་དྭག་སྤྱི་གླིང་དུ་གཟིགས་སྐོར་གནང་རྗེས་ན་ར་རྫོང་གི་ཚོགས་ཁང་ཆེན་མོའི་ནང་ཀོ་རི་ཡ་ནས་ཡིན་པའི་ནང་པ་དད་ལྡན་པ་༢༥༠ཙམ་ལ་སྟོང་པ་ཉིད་དང་སེམས་ཀྱི་རྣམ་བཞག་སྐོར་གསུང་ཆོས་བསྩལ་གནང་མཛད་འདུག།
གསུང་ཆོས་ཞུ་མཁན་གྱི་གྲས་སུ་ཀོ་རི་ཡའི་གྲྭ་བཙུན་མང་པོ་ཡོད་པ་དང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཞུགས་འོག་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཤེས་རབ་སྙིང་པོ་གསུང་འདོན་གནང་ཡོད་པ་རེད། དེ་རྗེས་༧གོང་ས་མཆོག་གིས་རི་དྭག་སྤྱི་གླིང་གི་ཕྱོགས་གཞན་ཞིག་དུ་ཡོད་པའི་སྔར་ཕྱི་ལོ་༧༥༢ལོར་བཞེངས་སྐྲུན་ཞུས་པའི་ན་ར་ཁུལ་གྱི་ནང་པའི་ལྷ་ཁང་ཆེན་མོའི་རྟེན་གཙོ་སངས་རྒྱས་ཤཀྱ་ཐུབ་པའི་སྣང་བརྙན་ལ་མཇལ་ཁ་ཞུས་གནང་བ་དང༌། ཆབས་ཅིག་ལྷ་ཁང་དེར་ཆོས་མཇལ་ལ་ཡོང་མཁན་ ཉི་ཧོང་གི་སློབ་ཕྲུག་མང་པོ་ཞིག་དང་ནུབ་ཕྱོགས་ཀྱི་ལྟ་སྐོར་བ་མང་པོ་ཞིག་ལ་༧གོང་ས་མཆོག་གི་ཞལ་མཇལ་ཞུ་ཡག་གི་གོ་སྐབས་བཟང་པོ་ཐོབ་ཡོད་པ་རེད།
གོང་ཞུས་ནང་པའི་ལྷ་ཁང་དེའི་ནང་གནས་གཟིགས་གནང་གྲུབ་རྗེས། ཉེ་འཁྲིད་ཏོ་ཌ་ཨི་ཇི་ཁུལ་གྱི་ཚོགས་ཁང་ཞིག་ནང་ཉི་ཧོང་གི་གྲྭ་བཙུན་ཐེ་པའི་ཆོས་ཞུ་བ་༣༥༠སྐོར་ཞིག་ལ་ནང་ཆོས་ཉམས་ལེན་སྐོར་གསུངས་ཆོས་བཀྲིན་ཆེ་གནང་མཛད་ཡོད་ཅིང༌། རྒྱས་སྤྲོད་ཆེ་བའི་དགོན་པ་ཆེན་པོ་མང་པོ་བཞེངས་སྐྲུན་བྱས་པ་ལས། ནང་པའི་གཞུང་ལུགས་དང་བཀའ་བསྟན་བཅོས་སྦྱོང་བརྡར་བྱེད་སའི་ལྟེ་གནས་ཁང་གསར་རྒྱག་གནང་ན་ལེགས་པ་ཡོད་སྐོར་བཀའ་གནང་འདུག།