རྡ་སར་གཞོན་ནུའི་ཞི་བདེ་རྒྱས་འཛོམས་ཞེས་པའི་ཚོགས་འདུ།
2009.10.22
༄༅༎བཞུགས་སྒར་རྡ་རམ་ས་ལར་སྐོང་ཚོགས་གནང་རྒྱུའི་པི་སི་ཇེམ་འམ་གཞོན་ནུའི་ཞི་བདེ་རྒྱས་འཛོམས་ཞེས་པའི་ཐོག་བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁག་ཅིག་གིས་སྤྱི་ཚོགས་ནང་གཞོན་ནུ་ཚོས་འགོ་འཁྲིད་ཀྱི་འགན་ཁུར་ལེན་ཕྱོགས་སྐོར་ལམ་སྟོན་བཀའ་སློབ་དང་བགྲོ་གླེང་གི་ལྷན་ཚོགས་སྣེ་འཁྲིད་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
པི་སི་ཇེམ་ཞེས་པའི་གཞོན་ནུའི་ཞི་བདེའི་རྒྱས་འཛོམས་ཞེས་པའི་ལས་འགུལ་འདི་ཨ་རིའི་ཁོ་ལོ་རེ་ཌོ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སྐུ་ཞབས་ཌོན་ཨེང་གྷལ་གྱིས་སྣེ་འཁྲིད་གནང་པའི་པི་སི་ཇེམ་འམ་ཞི་བདེའི་འདུ་འཛོམས་དགེ་རྩ་ཚོགས་པས་འགོ་འཛུགས་གནང་ཡོད་པ་རེད། དགེ་རྩ་ཚོགས་པ་དེའི་མཐུན་འགྱུར་གོ་སྒྲིག་འོག་རྡ་ས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭའི་ནང་གཞོན་ནུའི་ཞི་བདེ་འདུ་འཛོམས་ཐེངས་གསུམ་པ་དེ་འདི་ཟླའི་ཚེས་ཉི་ཤུ་དྲུག་ཉིན་སྐོང་ཚོགས་གནང་རྒྱུ་ཡིན་པ་རེད་ འདུ་འཛོམས་དེའི་ཐོག་འགོ་འཁྲིད་དང་ལས་འགུལ་གྱི་ཉིན་མོ་ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ཇོ་ཌི་ལྦི་ལི་ཡེམ་སི་དང་མའེ་རེདྲ་ཁོ་རི་གེན་མ་གུ་ལྦཡར། ཤི་རིན་ཨི་སྦ་ཌི་བཅས་ཀྱི་ལྷན་ཚོགས་སྣེ་འཁྲིད་གནང་སྟེ་རྡ་ས་བོད་ཕྲུག་ཁྱིམ་སྡེ་ཡན་ལག་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་པའི་སློབ་མ་གྲངས་ཉིས་བརྒྱ་སྐོར་ཞིག་ལ་ལམ་སྟོན་བཀའ་སློབ་གནང་རྒྱུ་ཡིན་པ་རེད་ རྡ་ས་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་འགན་འཛིན་བསྟན་འཛིན་བཟང་པོ་ལགས་ཀྱིས་གཞོན་ནུའི་ཞི་བདེ་ལྷན་ཚོགས་འདིའི་ངེས་ཅན་གྱི་དམིགས་ཡུལ་དེ་རང་རེའི་རྒྱལ་ཁབ་ཙམ་མ་ཟད་རྒྱལ་སྤྱིའི་ཐོག་ཞི་བདེ་དང་བདེ་སྐྱིད་ཀྱི་འཁོར་ཡུག་བསྐྲུན་ཐབས་སུ་མ་འོངས་པའི་འགོ་འཁྲིད་ཀྱི་འགན་ཁུར་ལེན་ཐུབ་པའི་གཞོན་ནུ་གསོ་སྐྱོང་བྱ་ཐབས་ཆེད་དུ་ཡིན་པའི་སྐོར་འགྲེལ་བརྗོད་གནང་འདུག