༸གོང་ས་མཆོག་ནས་ཧིན་རྡུའི་ཚོགས་ཆེན་ཐོག་གསུང་བཤད།
2008.11.09
༄༅༎བོད་མིའི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བྱང་ཕྱོགས་གྲོང་ཁྱེར་པུ་ནེ་ནང་གཟའ་སྤེན་པའི་ཉིན་དྲང་སོང་ལྦསི་ལྦ་ནིའི་ཆོས་ཚོགས་ཀྱི་ལྷ་ཁང་ཞིག་དབུ་འབྱེད་གནང་བ་དང་དེ་རྗེས་སཱར་ལྦོ་རྡ་ཡ་ས་མ་ཇེ་ཞེས་པའི་ཧིན་རྡུའི་ཆོས་ཚོགས་ཀྱི་ཚོགས་ཆེན་ཐེངས་བཞི་བཅུ་ཞེ་བརྒྱད་པའི་ཐོག་གསུང་བཤད་བསྩལ་གནང་མཛད་ཡོད་པ་རེད།
གསུང་བཤད་ཀྱི་སྙིང་དོན་དུ་བོད་དང་རྒྱ་གར་དབར་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ཆགས་ཡོད་པ་དང་གལ་ཏེ་དགེ་ཕྲུག་དཀའ་ངལ་ནང་ལྷུང་ཡོད་པ་ཡིན་ན་དགེ་རྒན་གྱིས་དཀའ་ངལ་སེལ་ཐབས་ཀྱི་འགན་ཁུར་བཞེས་དགོས་ཀྱི་རེད་ཅེས་དང་སྟོན་པ་བཅོམ་ལྡམ་འདས་ཀྱིས་བསྟན་པའི་དམ་ཆོས་ཀྱིས་བོད་མི་རྣམས་ལ་མི་ཚེའི་དོན་སྙིང་བསླབས་ཡོད་པས་རྒྱ་ནག་གཞུང་གིས་བོད་སར་དབང་བསྒྱུར་བྱས་ཡོད་ཀྱང་བོད་མི་ཚོས་རྒྱ་གར་ནས་རྒྱབ་སྐྱོར་དང་བྱམས་བརྩེ་འཐོབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད་ཅེས་བཀའ་བསྩལ་གནང་ཡོད་པ་རེད། རྒྱ་གར་གྱིས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་སྐབས་ཆབ་སྲིད་ཀྱི་ཁེ་ཕན་ལས་བོད་ཀྱི་ཁོར་ཡུག་དང་རིག་གཞུང༌།འགྲོ་བ་མིའི་བདེ་རྩའི་རྨང་གཞི་གཙིགས་ཆེར་འཛིན་དགོས་པ་ཡིན་ཞེས་དང་རྒྱ་དཀར་ནག་གི་འབྲེལ་ལམ་ཐད་བཀའ་གནང་དོན་ལ་རྒྱ་གར་དང་རྒྱ་ནག་དབར་འབྲེལ་ལམ་བཟང་པོ་བྱུང་ན་ཕྱོགས་ཕན་ཚུན་གཉིས་ལ་ཕན་པ་མ་ཟད་འཛམ་གླིང་ཞི་བདེར་ཕན་སླབས་ཡོང་རྒྱུ་དང་བོད་བཅིངས་འགྲོལ་གཏང་རྒྱུར་ཡང་ཕན་རླབས་ཡོང་ངེས་རེད་ཅེས་༸གོང་ས་མཆོག་གིས་བཀའ་བསྩལ་ཡོད་པ་རེད། འཚེ་མེད་ཞི་བའི་ལྟ་གྲུབ་དང་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱས་ན་འཛམ་གླིང་ཞི་བདེར་གནས་ཐུབ་ཅིང་དེ་ཡང་ནང་སེམས་དུལ་ན་ཞི་བདེར་གནས་ཐུབ་པ་ཡིན་པ་དང་མེས་པོ་དམ་པ་མ་ཧཏེ་མ་གན་རྡི་ཡིས་བསྟན་པའི་འཚེ་མེད་ཞི་བའི་ཐབས་ལམ་དུས་ད་ལྟའང་རྒྱ་གར་ནང་ལག་བསྟར་བྱེད་ཀྱི་ཡོད་པ་བཞིན་རྒྱ་གར་གྱིས་འཛམ་གླིང་གི་ས་ཕྱོགས་ཡོངས་སུ་ཁྱབ་སྤེལ་གཏང་ཐབས་བྱ་གལ་ཆེ་ལུགས་དང་མཐའ་དོན་འཚེ་མེད་ཞི་བ་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་གཉིས་གཙིགས་ཆེར་འཛིན་གལ་ཆེ་བ་བཅས་ཀྱི་སྐོར་༸གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་ཟབ་མོ་གནང་འདུག