༸གོང་ས་མཆོག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་གལ་གསུང་།
2010.09.23
༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་བོད་མི་ཙམ་མ་ཡིན་པར་ཁྱིམ་མཚེས་ཨེ་ཤ་ཡའི་ཡུལ་གྲུ་མང་པོའི་འཚོ་གནས་ལའང་ཁེ་ཕན་ཡོད་པ་ཞིག་ཡིན་ལུགས་བཀའ་གནང་ཡོད་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཤར་ཡུ་རོབ་ཀྱི་ཡུལ་གྲུ་ཧང་གྷ་རི་དང་འཇར་མན་ནང་གི་མཛད་འཕྲིན་ལེགས་པར་གྲུབ་གནང་བའི་རྗེས་སུ་ཁ་ས་ཚེས་ཉི་ཤུ་གཉིས་ཉིན་པོ་ལེན་དྲེའི་གྲོང་ཁྱེར་ནང་ཞབས་སོར་འཁོད་གནང་གིས་མཛད་འཆར་གཞིར་བཟུང་མི་མང་སྟོང་ཕྲག་བརྒྱད་ཙམ་གྱི་འདུ་འཛོམས་ཐོག་གསུངས་བཤད་གནང་ཡོད་པའི་ནང་དོན་གཙོ་བོར་བོད་ནང་གི་ཁོར་ཡུག་སྐོར་དམིགས་བསལ་བཀའ་གནང་ཡོད་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ནང་གི་འཁྱགས་རོམ་དང་གཙང་ཆུ་སོགས་སྲུང་སྐྱོབ་བྱེད་རྒྱུ་ནི་བོད་མི་ཙམ་མ་ཡིན་པར་ས་འབྲེལ་དུ་འཁེལ་བའི་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་མང་ཚོགས་ཀྱི་འཚོ་གནས་ཐུབ་མིན་ལའང་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད་ཅེས་བཀའ་གནང་ཡོད་འདུག
དེ་དང་ཕྱོགས་མཚུངས་རྒྱ་ནག་ནང་མང་གཙོའི་རིན་ཐང་གོང་འཕེལ་གཏོང་རྒྱུ་དེ་ཡང་གལ་གནད་ཆེན་པོ་བརྩིས་ནས་ལས་དོན་སྤེལ་བ་ཡིན་ན་དེས་ལྐོག་ཟ་རུལ་སུངས་འགོག་ཐབས་དང་། ཨེ་ཤ་ཡའི་ཡུལ་གྲུའི་དབར་བརྟན་ལྷིང་དང་ཞི་བདེ་སྐྲུན་ཐབས་སུ་ཕན་ཐོགས་ཡོང་ངེས་ཡིན་པའི་སྐོར་ཡང་གསུངས་ཡོད་འདུག