༸གོང་ས་མཆོག་ནས་མཁས་པའི་ལྷན་ཚོགས་སུ་གསུང་བཤད།
2009.11.14
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཨ་རུ་ན་ཅཱལ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གར་ནང་མཁས་དབང་ཁག་དང་དབུས་དང་ས་གནས་གཞུང་གི་མཛད་གཙོ་རྣམ་པ་ ཆོས་ལུགས་འདྲ་མིན་ཁག་གི་སྐུ་ཚབ་སོགས་ལས་གྲུབ་པའི་ལྷན་ཚོགས་ཐོག་ལ་གསུང་བཤད་གནང་སྐབས་ང་ནི་འཚེ་མེད་ཞི་བ་དང་ཆོས་ལུགས་ཕན་ཚུན་འཆམ་མཐུན་སོགས་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་བསླབ་བྱའམ་ཁ་ཏ་ལམ་སྟོན་འཛམ་གླིང་ཁྱོན་ལ་དར་སྤེལ་གནང་མཁན་གྱི་བང་ཆེན་ཡིན་ཞེས་གསུངས་ཡོད་པ་རེད།
རྒྱ་གར་བ་ཚོས་གནའ་བོའི་དུས་སྐབས་ནས་བཟུང་འཚེ་མེད་ཞི་བ་དང་ཆོས་ལུགས་ཕན་ཚུན་ཞི་བདེའི་ངང་མཉམ་གནས་བྱས་པའི་ཕུགས་བསམ་བཅས་པར་གཏིང་ཟབ་བྱས་པའི་བག་ཆགས་ལ་བརྟེན་ནས་མང་གཙོའི་ལྟ་གྲུབ་དང་སྲོལ་རྒྱུན་རྒྱ་གར་ནང་གནའ་བོའི་དུས་ནས་རྩ་བ་གཏིང་ཟབ་གཏིང་ཡོད་པ་རེད་ཅེས་ཀྱང་གསུང་གནང་ཡོད་པ་རེད། ༸གོང་ས་མཆོག་གི་ངོས་ནས་རྒྱ་གར་ནི་བོད་མིའི་དགེ་རྒན་འདྲ་བ་དང་བོད་མི་རྣམས་ནི་རྒྱ་གར་གྱི་དགེ་ཕྲུག་ནང་བཞིན་ཡིན་པར་ངོས་འཛིན་གནང་གི་ཡོད། སྔར་གྱི་དུས་སུ་ཆོས་ལུགས་འདྲ་མིན་ཉམས་སུ་ལེན་མཁན་ཚོའི་དབར་འཁོན་འཁྲུག་རིགས་བྱུང་མེད་ལུགས་ཀྱང་གསུངས་གནང་བ་དང་སྦྲགས་བར་སྣང་ནམ་མཁའི་སྟེང་ནས་འཛམ་གླིང་གི་སའི་གོ་ལའི་ཐོག་ལ་མར་བལྟས་པ་ཡིན་ན་སའི་གོ་ལ་འདི་བཞིན་ཞི་བདེའི་རང་བཞིན་ལྡན་པ་དང་འཛམ་གླིང་གཅིག་ཁོ་ན་ཡིན་པ་ལས་མེཀ་མེ་ཧེན་གྱི་ས་ཐིག་སོགས་མཐོང་གི་མ་རེད། འོན་ཀྱང་འཕྲུལ་ཆའི་ཡར་རྒྱས་དང་འཕེལ་རྒྱས་ཕྱིན་པ་དང་དུས་མཉམ་དུ་འཛམ་གླིང་འདི་བཞིན་རིམ་པས་ཆུང་དུ་ཆུང་དུ་ཕྱིན་ཏེ་ཆོས་ལ་ཡིད་ཆེས་བྱེད་མཁན་དང་ཡིད་ཆེས་མི་བྱེད་མཁན་གྱི་དབར་ལ་མ་ཟད་ཆོས་ལུགས་བྱེ་བྲག་པ་གཅིག་གི་ནང་ཁུལ་ལའང་མི་མཐུན་པའི་འཁོན་རྩོད་ཐོན་གྱི་ཡོད་རེད། ང་ཚོ་ནང་པ་ཚོས་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་འགྲོ་བ་ལས་འཛམ་གླིང་བྱེད་པ་པོ་དང་དཀོན་མཆོག་ཞེས་པར་ཡིད་ཆེས་བྱེད་ཀྱི་མེད་ཀྱང་དཀོན་མཆོག་ཅེས་པར་ཡིད་ཆེས་བྱེད་མཁན་ཚོའི་དད་པར་ང་ཚོས་ཐེ་བྱུས་བྱེད་ཀྱི་མེད་ཅེས་༸གོང་ས་མཆགོ་གིས་ལྷན་ཚོགས་དེར་གསལ་བཤད་གནང་ཡོད་པ་རེད། ངས་འཛམ་གླིང་གི་ས་ཕྱོགས་ག་པར་བསྐྱོད་པའི་སྐབས་སུ་ངའི་དམིགས་ཡུལ་གཙོ་བོ་ནི་དེར་དགའ་སྐྱིད་འཛོམས་པའི་སྤྱི་ཚོགས་ཤིག་འཛུགས་ཐབས་སྐོར་ལ་དགོངས་ཚུལ་གསུངས་ཀྱི་ཡོད་ཅེས་ཀྱང་གསུངས་ཡོད་པ་རེད༎