བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་རྒྱ་ནག་ཏུ་ཕེབས་འབྱོར།
2008.06.30
༄༅༎ཁ་ས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་རྒྱང་སྲིད་བྱས་པ་ལྟར་ བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་རྒྱ་ནག་ལ་ཕེབས་འབྱོར་གནང་ཡོད་པ་དང་ བོད་རྒྱ་ཞི་མོལ་སྐུ་ཚབ་ནས་སང་ཉིན་རེས་གཟའ་མིག་དམར་དང་ཕྱི་ཉིན་རེས་གཟའ་ལྷག་པ་བཅས་ཉིན་གཉིས་ལ་རྒྱ་ནག་གཞུང་གི་སྐུ་ཚབ་ལྷན་གྲོས་མོལ་ནང་ཞུགས་ཀྱི་ཡོད་སྐོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་དེ་རིང་གསལ་བསྒྲགས་གནང་ཡོད་པ་རེད་
བོད་རྒྱ་ཞི་མོལ་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གི་ལྷན་གྲོས་མོལ་དེ་ནི་ སྔ་ལོ་ཕྱི་ལོ་༢༠༠༢ལོར་ འབྲེལ་མོལ་འགོ་བཙུགས་ཀྱི་རྗེས་ ཐེངས་བདུན་པ་དེ་ཡིན་པ་དང་ དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ སྐུ་ཚབ་ཚོགས་པར་བོད་ནང་གི་དཀའ་སྡུག་ཆེ་བའི་གནས་སྟངས་ལ་དོན་ཕན་ལྡན་པའི་ཡར་རྒྱས་ཤིག་ཡོང་ཐབས་སུ་འབད་བརྩོན་གང་ཡོད་ཞུ་དགོས་པའི་བཀའ་མངགས་གནང་ཡོད་འདུག གཞན་ཡང་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་གསལ་བསྒྲགས་ནང་ བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་ཚོགས་ཆུང་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དང་ སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་ ཁོང་གཉིས་ཀྱི་ཕྱག་རོགས་སུ་རྒྱལ་སྤྱིའི་བོད་དོན་ལས་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་ བཙན་བྱོལ་བོད་གཞུང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་ཐོག་ ད་རེས་བོད་དོན་འབྲེལ་མོལ་ཚོགས་ཆུང་གི་འཇིགས་མེད་པ་སངས་ལགས་ཀྱང་མཉམ་ཞུགས་ཡོད་སྐོར་བཀོད་ཡོད་པ་རེད་