༸གོང་ས་མཆོག་ཨ་རིའི་རྒྱལ་སར་ཆིབས་བསྒྱུར་གནང་རྒྱུ།
2011.07.04
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཚེས་བཞི་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཆིབས་ཞལ་བསྒྱུར་གནང་ཡོད་པ་དང་། མཛད་འཆར་གཞིར་བཟུང་ལྟར་ན། འདི་ག་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་འཛམ་གླིང་ཞི་བདེའི་ཆེད། རྒྱལ་སའི་མངའ་ཁུལ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་་གནང་རྒྱུ་དང་། འདི་ཚེས་དྲུག་ཉིན་སྐུའི་འཁྲུངས་སྐར་དུས་ཆེན་ཟབ་རྒྱས་ཤིག་གོ་སྒྲིག་ཞུ་རྒྱུ་ཡིན་པ་མ་ཟད་མཛད་སྒོའི་ཐོག་ཨ་རིའི་མི་རིགས་ནག་པོའི་འཐབ་རྩོད་གནང་མཁན་མཆོད་དཔོན་མར་ཀྲིན་ལུ་ཐར་ཀིང་དམ་པ་དེའི་ཚ་བོ་དང་། རྒྱ་གར་གྱི་སྐྱེས་བུ་དམ་པ་གྷན་རྡིའི་ཚ་བོ་ཨ་རུན་གྷན་རྡི་རྣམ་གཉིས་ཀྱི་དབུས་གལ་ཆེའི་མི་སྣ་མང་པོ་ཆེད་བཅར་གནང་གི་ཡོད་པ་རེད། ཉིན་གསུམ་རིང་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་དབུས་པས་དགེ་འདུན་པ་རྣམས་ནས་ས་ཕྱོགས་ཀྱི་གྲུབ་བཞག་གནང་གྲུབ་པའི་རྗེས་སུ། ཚེས་དགུ་ནས་ཉིན་གསུམ་རིང་རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་གཉིས་ཀྱི་ལམ་ནས་སྔོན་འགྲོའི་གསུང་ཆོས་བསྩལ་གནང་རྒྱུ་དང་། དེ་བཞིན་ཚེས་དགུའི་སྔ་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་མང་ཚོགས་ལ་འཛམ་གླིང་ཞི་བདེའི་ཆེད་གསུང་བཤད་གནང་རྒྱུའི་མཛད་རིམ་ཞིག་ཀྱང་ཡོད་པ་རེད། དེ་ནས་ཚེས་བཅུ་གསུམ་ནས་ཚེས་བཅོ་ལྔ་བར་བཀའ་དབང་དངོས་གཞི་དང་། ཚེས་བཅུ་དྲུག་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་དང་། འདི་ཚེས་དྲུག་ནས་ཚེས་བཅུ་དྲུག་བར་གྱི་མཛད་རིམ་ཆ་ཚང་ཉིན་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་ཡིག་ཚང་གི་དྲ་རྒྱའི་ནང་ཐད་ཀར་རྒྱང་སྲིངས་ཞུ་རྒྱུ་ཡིན་པ་རེད།།