༧རྗེ་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གིས་མདོ་ལྷོའི་མཛོད་དགེ་རྩྭ་ཐང་དུ་དུས་འཁོར་དབང་ཆེན་ཐེངས་དང་པོ་གནང་བཞིན་འདུག

2023.09.15
༧རྗེ་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གིས་མདོ་ལྷོའི་མཛོད་དགེ་རྩྭ་ཐང་དུ་དུས་འཁོར་དབང་ཆེན་ཐེངས་དང་པོ་གནང་བཞིན་འདུག ༧རྗེ་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་དང་པོ་གནང་ཡུལ་མདོ་ལྷོའི་མཛོད་དགེ་རྩ་ཐང་།
སྒྲིག་བཟོ། /RFA

བོད་ནང་གི་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་སྨད་ཀྱི་ས་ཆ་གདུང་གྱའི་ཐང་ཆེན་དུ། ༧རྗེ་གུང་ཐང་སྐུ་ཕྲེང་བདུན་པ་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་གིས། སྤྱི་ཟླ་༩པའི་༡༤ཉིན་ནས་ཉི་མ་བཞིའི་རིང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བཞིན་པར། བོད་མདོ་དབུས་ཁམས་གསུམ་གྱི་བོད་མི་གཙོས་པའི་རྒྱ་བོད་ཧོར་གསུམ་གྱི་མི་མང་ས་ཡ་གཅིག་དང་འབུམ་ཁ་ཤས་འཛོམས་ཡོད་པའི་ཚོད་དཔག་བྱེད་བཞིན་པ་ས་གནས་ནས་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་། ཡིན་ན་ཡང་འདི་ག་རླུང་འཕྲིན་ཁང་གི་ངོས་ནས་མི་གྲངས་ག་ཚོད་འཛོམས་ཡོད་པའི་གྲངས་ཀ་ངེས་གཏན་འཁེལ་ཐུབ་མེད། གང་ལྟར་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བརྡ་ཁྱབ་བཏང་ནས་ས་ཁུལ་གཞན་དག་གི་མི་རྣམས་བཀག་འགོག་བྱེད་ཐབས་བྱས་བ་དང་། ས་གནས་ས་ཐོག་ཏུ་རླངས་འཁོར་གྱི་ལམ་འགགས་ཏེ་མ་ཐར་བའི་དཀའ་ངལ་བཅས་ལ་མ་བལྟོས་པར། དུས་འཁོར་དབང་ཆེན་དངོས་གཞི་སྤྱི་ཟླ་༩པའི་ཚེས་༡༥ཉིན་མོར་ཡང་བོད་མི་ཧ་ཅང་མང་པོ་ཞིག་ལ་ལུང་བརྒལ་ཏེ་རྐང་ཐང་དུ་དབང་གནང་ས་ལ་འབྱོར་དང་འབྱོར་བཞིན་པ་རེད་འདུག དུས་འཁོར་དབང་ཆེན་ཞུ་སར་དངོས་སུ་ཡོད་མཁན་གྱི་བོད་མི་ཁག་ཅིག་གིས། “ས་གནས་གཅིག་ཏུ་འདི་འདྲ་བོད་མི་མང་པོ་ཞིག་མཉམ་འཛོམས་གནང་བ་མི་ཚེའི་ནང་མཐོང་བ་དང་པོ་ཡིན། བོད་མིའི་འདུ་འཛོམས་ཆེན་པོ་འདི་ནི་དུས་འཁོར་གྱི་རྒྱུད་བོད་ལ་དར་ནས་བཟུང་དང་། བོད་ཀྱི་ལོ་རྒྱུས་ནང་གི་བོད་མི་འདུ་འཛོམས་ཆེ་ཤོས་ཡིན་པར་ཕལ་ཆེར་ཐེ་ཚོམ་མི་འདུག་”ཅེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

kungthang  (2).jpg
རྗེ་༧གུང་ཐང་སྐུ་ཕྲེང་དྲུག་པ་འཇིགས་མེད་བསྟན་པའི་དབང་ཕྱུག་གི་སྐོར། ཞིབ་འཇུག་རྩོམ་བྲིས་ཁག་ཕྱོགས་བསྡུས་ཀྱིས་གུང་ཐང་ཞིབ་འཇུག་གི་དེབ་འདོན་མཁན། ཨོསི་ཊརེ་ལི་ཡའི་(Australia)་ནང་གནས་སྡོད་གུང་ཐང་འབྲུག་བྷེ་ལགས་ནས། ཁོ་རང་ལ་ས་གནས་རང་གི་མིས་གནས་ཚུལ་མཁོ་སྤྲོད་བྱས་བ་ལྟར་ན། ད་ཐེངས་དབང་གི་སྐབས་སྟོད་མངའ་རིས་དང་དབུས་གཙང་། མདོ་སྟོད་སྨད་བཅས་ནས་མི་ཚོགས་ཧ་ཅང་མང་པོ་འདུས་པ་མ་ཟད། རྒྱ་རིགས་དང་སོག་པོ་ཕྱི་ནང་གིའང་དད་ལྡན་པ་ཧ་ཅང་མང་པོ་འབྱོར་ཡོད་པ་འགྲེལ་བརྗོད་གནང་གི་འདུག ད་དུང་ཁོང་གིས་གུང་ཐང་སྐུ་ཕྲེང་བདུན་པ་ནི་ད་ལྟའི་ཆར་དགུང་ལོ་༢༡མ་གཏོགས་ཕེབས་མེད་ནའང་། ཁོང་གིས་དུས་འཁོར་དབང་ཆེན་ཐེངས་མ་དང་པོར་མི་ཚོགས་དེ་འདྲའི་རྒྱ་ཆེན་པོ་ཞིག་རང་མོས་རང་འཐད་ཀྱི་སྒོ་ནས་འཛོམས་པ་ནི། ༧གུང་ཐང་སྐུ་གོང་མ་སྐུ་ཕྲེང་དྲུག་པ་མཆོག་གིས་བོད་ཁ་བ་ཅན་གྱི་སྤྱི་དོན་དུ་དཀའ་ལས་མང་པོ་ཞིག་བརྒྱབས་པའི་ཤུགས་རྐྱེན་དང་བག་ཆགས་དུ་མཐོང་གི་ཡོད་ཅེས། འགྲེལ་བརྗོད་གནང་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཞིབ་འཇུག་བྱས་སྐབས། ད་ཐེངས་ཨ་ལགས་གུང་ཐང་ཚང་གིས་དུས་འཁོར་དབང་ཆེན་གནང་ཡུལ་མདོ་ལྷོའི་མཛོད་དགེ་རྩྭ་ཐང་བྱེའུ་སྙིང་ཐང་དུ་དད་ལྡན་མང་ཚོགས་འཛོམས་པ་དང་གུར་རྒྱབ་ཡོད་པའི་ས་ཁྱོན་རོབ་རྩིས་བྱས་ན། སྤྱི་ལེ་གྲུ་བཞི་མ་གསུམ་དང་ཕྱེད་ཀ་ཙམ་ཡོད་པ་དང་། དེ་ནི་ས་ཁྱོན་(acres)་ཨེ་ཀར་༨༤༠ལྷག་ཡིན་པ་རེད།

kungthang  (1).JPG
༧གུང་ཐང་རིན་པོ་ཆེ་ནི་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསེར་ཁྲི་རྣམ་པ་བཞིའི་ཡ་གྱལ་དང་། དགའ་ལྡན་ཁྲི་རབས་ལྔ་བཅུ་བ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་སྐྱེ་ཕྲེང་དུ་ངོས་འཛིན་གནང་གི་ཡོད་ཁར། ༧གུང་ཐང་སྐུ་ཕྲེང་དྲུག་པ་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག མི་ལོ་༢༡རིང་རྒྱ་ནག་གི་བཙོན་དུ་བཞུགས་པ་དང་བཙོན་གྲོལ་རྗེས་ནས་ཀྱང་། སྐུ་སྲོག་བློས་གཏོང་གིས་བོད་མིའི་བདེ་སྡུག་ཆེད་སྐུ་ལས་སྣེ་མང་བསྐྱོན་པའི་ཐོག ཁོང་གི་དུས་འཁོར་དབང་ཆེན་ཐེངས་༡༠པ་སྤྱི་ལོ་༡༩༩༤ལོར་གནང་སྐབས། རྒྱ་བོད་ཧོར་གསུམ་གྱི་སློབ་མ་འབུམ་ལྔ་ལྷག་འདུས་ཏེ་བོད་ནང་བག་ཆགས་དང་ཤུགས་རྐྱེན་ཧ་ཅང་ཆེ་བའི་བླ་སྤྲུལ་ཅིག་ཆགས་ཡོད་པ་དང་། སྐུ་ཐོག་འདི་པ་གུང་ཐང་སྐུ་ཕྲེང་བདུན་པ་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་ནི། སྤྱི་ལོ་༢༠༠༢ལོར་མཛོད་དགེ་སྨད་མ་གཙོས་མཛོད་དགེའི་བྲག་རྫོང་སྡེ་བར་འཁྲུངས་ཏེ། དགུང་ལོ་ལྔའི་ཐོག་ཀུན་མཁྱེན་༧འཇམ་དབྱངས་བཞད་པ་རིན་པོ་ཆེས་གུང་ཐང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎